བཟོ་སྐྲུན་འབད་དོ་ཡོད་པའི་ རྒྱལ་བཙུན་རྗེ་བཙུན་པདྨ་མ་བུའི་སྨན་ཁང་།

རྒྱལ་བཙུན་རྗེ་བཙུན་པདྨ་མ་བུའི་སྨན་ཁང་ བཟོ་སྐྲུན་དོན་ལུ་ རིན་བསྡུར་ཐེངས་༣ པ་འབད་ཡོདཔ།

༉ རྒྱལ་བཙུན་རྗེ་བཙུན་པདྨ་མ་བུའི་སྨན་ཁང་ བཟོ་སྐྲུན་གྱི་དོན་ལུ་ ཧེ་མ་ལས་ རིན་བསྡུར་ཐེངས་༢ འབད་དེ་ ལཱ་སྤྲོད་ཡོདཔ་བཞིན་དུ་ ད་རུང་ ཁ་ཙ་ གསོ་བ་ལྷན་ཁག་གིས་ རིན་བསྡུར་ཐེངས་པ་༣ འབད་ཡོདཔ་ཨིན་པས།
ལས་འགུལ་དེ་ནང་ སྐྱེ་གནས་རིག་པ་དང་ ཨ་ལོའི་སྨན་བཅོས་ཀྱི་སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་ནི་ཨིནམ་ད་ མ་དངུལ་དངུལ་ཀྲམ་ ཐེར་འབུམ་༡ དེ་ཅིག་གནས་མི་ ལས་འགུལ་དེ་ ནང་འཁོད་ཀྱི་ ཁག་འབགཔ་ཅིག་ལུ་ སྤྲོད་ཡོདཔ་ཨིན་པས།
གཞུང་གིས་ མ་དངུལ་གྲ་སྒྲིག་འབད་མ་ཚུགསཔ་ལས་ རིན་བསྡུར་དང་པ་དེ་ ཆ་མེད་བཏང་ཡོདཔ་ད་ གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ སླབ་མིའི་ནང་ དངུལ་རྩིས་ལྷན་ཁག་གིས་ ལཱ་ཁག་༢ ཨིན་པའི་ གོ་བ་ལེན་མི་ལུ་བརྟེན་ མ་དངུལ་ཆ་འཇོག་མ་འབད་རུང་ ཤུལ་ལས་ ཆ་འཇོག་འབད་ནུག་ཟེར་ཨིན་པས།
ཨྱོན་རྡོ་ཕུག་གིས་ སླབ་མིའི་ནང་ རིན་བསྡུར་གྱི་ ལམ་ལུགས་དང་འཁྲིལཝ་ད་ བཟོ་སྐྲུན་ཚུ་ དུས་ཚོད་ཁར་ མཇུག་བསྡུ་དགོཔ་ལས་ ཁག་འབགཔ་གིས་ དངུལ་ཁང་གི་ རྒྱབ་མི་བཙུགས་མི་དེ་ ཉིནམ་༡༠ ལས་ མེད་མི་ལུ་བརྟེན་ དེ་ཚུ་འབད་བའི་སྐབས་ རིན་བསྡུར་གྱི་ དུས་ཚོད་རྫོགས་སོཔ་ལས་ སྤྱི་ཟླ་༤ པའི་ནང་ ལོག་རིན་བསྡུར་འབད་དེ་ ཁག་འབགཔ་ཅིག་ལུ་ སྤྲོད་ཅི་ཟེར་ཨིན་པས།
ཨིན་རུང་ ཁག་འབགཔ་དག་པ་ཅིག་གིས་ དབྱེ་དཔྱད་ཀྱི་ བྱ་རིམ་དང་འབྲེལ་བའི་ གནད་དོན་ཚུ་ ཐོན་མི་ལུ་བརྟེན་ རང་དབང་བསྐྱར་ཞིབ་ཚོགས་སྡེ་ལུ་ མཐོ་གཏུགས་འབད་ཡོདཔ་བཞིན་དུ་ ཚོགས་སྡེ་གིས་ ལྷན་ཁག་གིས་ ཁག་འབགཔ་ལུ་ ལཱ་སྤྲོད་མི་དེ་ ཆ་མེད་བཏང་སྟེ་ ལོག་རིན་བསྡུར་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁག་འབགཔ་ཅིག་གིས་ མཐོ་གཏུགས་ཡི་གུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དབྱེ་དཔྱད་སྡེ་ཚན་གྱིས་ དྲང་བདེན་འབད་དེ་མེད་པའི་ཁར་ མཁོ་སྒྲུབ་ལམ་ལུགས་དང་འཁྲིལ་ ཁག་འབག་གི་ལཱ་སྤྲོད་ནིའི་ བྱ་སྒོའི་ལམ་ལུགས་དང་བསྟུན་ མ་འབད་བས་ཟེར་ཨིན་པས།
ཡི་གུ་ནང་བཀོད་མི་དང་འཁྲིལཝ་ད་ དབྱེ་དཔྱད་ཀྱི་བྱ་རིམ་ནང་ ལག་ལེན་འཐབ་མི་ ཡོངས་འབྲེལ་ཐོག་གི་ ཐབས་ལམ་ཚུ་ རིན་བསྡུར་དང་པ་བཟུམ་སྦེ་ བཞག་ཡོད་རུང་ ཆ་ཤས་ཚུ་གི་དོན་ལུ་ དགོས་མཁོ་ཡོད་མི་ཚུ་ མནོཝ་བཞིན་དུ་ བསྒྱུར་བཅོས་འབད་ནུག་ཟེར་ཨིན་པས།
འབྲུག་སྐྱབས་ཆཔ་བཟོ་སྐྲུན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ བསོད་ནམས་སྟོབས་རྒྱས་ཀྱིས་ ཚོགས་སྡེ་ལུ་བྱིན་མི་ ཡི་གུ་ནང་ བཀོད་མིའི་ནང་ ལཱ་མགྱོགས་པར་འབད་ཐབས་ལུ་ རྩི་ས་འཐེན་འཕྲུལ་ལ་སོགས་པ་ཚུ་ དགོཔ་ཁག་ཆེ་མི་དེ་ཡང་ རྩི་སའི་སྒྲིང་ཁྱིམ་དེ་ ཐིམ་ཕུག་ལུ་ དཔེ་སྟོན་ཅིག་ འོང་ནི་ཨིན་མི་ལུ་བརྟེན་ཨིནམ་ད་ ཧེ་མར་ རིན་བསྡུར་ཡིག་ཆ་ནང་ ཁས་ལེན་གནས་གོང་༢༠ བཀོད་ཡོད་རུང་ ལོག་རིན་བསྡུར་འབད་བའི་སྐབས་༡༥ ལུ་ མར་ཕབ་འབད་ནུག་ཟེར་ཨིན་པས།
ལས་འགུལ་གྱི་ སྡེ་ཚན་འགོ་ཁྲིདཔ་ གསོ་བའི་གཞི་རྟེན་དང་ གོང་འཕེལ་སྡེ་ཚན་ལས་ ལན་གསལ་ཡི་གུ་ནང་ བཀོད་མིའི་ནང་ ཆ་ཤས་ཚུ་གི་དོན་ལུ་ དགོས་མཁོ་ཡོད་མི་ཚུ་ བསྒྱུར་བཅོས་འབད་ནུག་ཟེར་ ཁ་ཉེས་བཀལ་མི་དེ་ མི་བདེན་ཟེར་ཨིནམ་ད་ ཁོ་གིས་ འབྲུག་སྐྱབས་ཆཔ་ལུ་ ཁྱད་ཚད་ག་ཅི་ལུ་བརྟེན་ ག་ཅི་སྦེ་ ལཱ་མ་སྤྲོདཔ་ཨིན་ན་ཚུ་ཡང་ བཀོད་དེ་ཡོདཔ་ཨིན་པས།
ཌོག་ཊར་ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ཁག་འབགཔ་ཀྲི་ཀུནསི་དབངམོ་ལུ་བཟོ་སྐྲུན་ལུ་ ཆ་ཤས་ཀྱི་དོན་ལུ་ ཁས་ལེན་གནས་གོང་མ་བྱིནམ་ལས་ ཡིག་ཆ་ག་ར་བཙུགས་རུང་ བཏོན་བཏང་ཡི་ཟེར་ཨིནམ་ད་ དབྱེ་དཔྱད་སྡེ་ཚན་གྱིས་ ཁག་འབགཔ་ཅིག་གི་ ཡིག་ཆ་ཚུ་ མ་མཐོང་པར་ ལུས་ཡོདཔ་བཞིན་དུ་ རིན་བསྡུར་ནང་ བཅའ་མར་གཏོགས་མི་༩ ལས་༦ ཆ་མེད་བཏང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རང་དབང་བསྐྱར་ཞིབ་ཚོགས་སྡེ་གིས་ ངན་ལྷད་ཀྱི་ དམིགས་ཡུལ་ག་ནི་ཡང་མེད་རུང་ ཡིག་ཆ་ལ་ལོ་ཅིག་ མ་མཐོང་པར་ ལུས་མི་ལུ་བརྟེན་ ལོག་རིན་བསྡུར་འབད་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ ལཱ་ཁག་ཡོད་མི་དེ་ཡང་ རིན་བསྡུར་མ་འབད་བའི་ ཞལ་འཛོམས་ཀྱི་ཤུལ་ལས་ ལྷན་ཁག་གིས་ ཁག་འབགཔ་ཚུ་ལུ་ རིན་བསྡུར་གྱི་དོན་ལས་ གྲ་སྒྲིག་འབད་ཐབས་ལུ་ དུས་ཚོད་ཟླཝ་༡ དེ་ཅིག་ བྱིན་དགོ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཨྱོན་རྡོ་ཕུག་གིས་ སླབ་མིའི་ནང་ སྨན་ཁང་བཟོ་སྐྲུན་འབད་ནི་དེ་ སྒྲིང་ཁྱིམ་གཞན་བཟོ་སྐྲུན་འབད་དོ་བཟུམ་ མེན་མི་དེ་ཡང་ སྒྲིང་ཁྱིམ་དེ་ ཆ་ཤས་ཅིག་ཨིནམ་བཞིན་དུ་ དྲོད་ལྡན་ལམ་ལུགས་ལ་སོགས་པའི་ མཐུན་རྐྱེན་གཞན་ཚུ་གི་དོན་ལུ་ ཕྱི་ཁའི་མཁས་མཆོག་ཚུ་ དགོ་མི་ལུ་བརྟེན་ཨིནམ་ད་ བཟོ་སྐྲུན་གྱི་ལཱ་དེ་ དུས་ཅི་ སྤྱི་ཟླ་༧ པ་དེ་ཅིག་ལས་ འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *