རྒྱལ་བཙུན་རྗེ་བཙུན་པདྨ་ཨའི་དང་ཨ་ལོའི་ སྨན་ཁང་བཟོ་སྐྲུན་རིན་བསྡུར་ ཕར་འཕུལ་རྐྱབ་ཡོདཔ།

རྒྱལ་བཙུན་རྗེ་བཙུན་པདྨ་ཨའི་དང་ཨ་ལོའི་སྨན་ཁང་ བཟོ་སྐྲུན་འབད་ནིའི་ རིན་བསྡུར་ཐེངས་༣ པ་དེ་ ད་རུང་ བདུན་ཕྲག་༢ ཕར་འཕུལ་རྐྱབ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ རིན་བསྡུར་མ་འབད་བའི་ ཧེ་མ་ལས་ ཞལ་འཛོམས་འཚོགས་མི་དང་བསྟུན་ ཕར་འཕུལ་རྐྱབ་ཡོདཔ་ད་ གསོ་བའི་བཟོ་སྐྲུན་དང་གོང་འཕེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁག་འབགཔ་ཚུ་གིས་ ཚ་གྱང་ཚུ་ བཤད་པའི་ཤུལ་ལས་ རིན་བསྡུར་ཡིག་ཆ་ནང་ འཕྲི་སྣོན་འབད་དགོཔ་ཐོན་ཡི་ཟེར་ཨིན་པས།

རིན་བསྡུར་དང་པ་དེ་ནང་ གཞུང་གིས་ ལས་འགུལ་དོན་ལུ་ མ་དངུལ་འཚོལ་ཞིབ་འབད་མ་ཚུགསཔ་ལས་ རིན་བསྡུར་ཆ་མེད་གཏང་དགོཔ་ཐོན་ཡོདཔ་ད་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མིའི་ནང་ ལས་འགུལ་དེ་ འཆར་གཞི་༡༡ པའི་ནང་ མཇུག་བསྡུ་དགོཔ་སྦེ་ཡོདཔ་ལས་ ལས་འགུལ་དེ་ ཁག་༢ སྦེ་ དབྱེ་དགོཔ་ཐོན་ནུག་ཟེར་ཨིན་པས།

མ་དངུལ་བྱིན་མི་ཚུ་གིས་ ལཱ་དབྱེ་ཁག་༢ པོ་དེ་ ལས་འགུལ་སོ་སོར་སྦེ་ ཆ་བཞག་པའི་ཤུལ་ལས་ དབྱེ་ཁག་༢ པའི་མ་དངུལ་དེ་ མ་བྱིན་པར་བཞག་ནི་དེ་གིས་ རིན་བསྡུར་ཆ་མེད་གཏང་དགོཔ་ཐོན་ཡོདཔ་ད་ ཤུལ་ལས་ ལཱ་༢ ཆ་ར་ ལས་འགུལ་གཅིག་གི་དོན་ལུ་ཨིན་ཟེར་ སླབ་པའི་ཤུལ་ལས་ རིན་བསྡུར་༢ པ་དེ་ འབད་ཡོདཔ་ཨིན་པས།

དབྱེ་ཁག་དང་པའི་ལཱ་ནང་ མི་སྡེ་གསོ་བའི་སྒྲིང་ཁྱིམ་དང་ ས་ཁོངས་གོང་འཕེལ་འབད་ནི་ཚུ་ ཚུད་དེ་ཡོད་པའི་ཁར་ ད་ཚུན་ ལཱ་བརྒྱ་ཆ་༨༥ དེ་ཅིག་ འབད་ཚར་ཡོདཔ་ད་ ལས་འགུལ་སྡེ་ཚན་གྱིས་ ལཱ་ཚུ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགསཔ་འབད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༡༤ ལུ་ ལཱ་དབྱེ་ཁག་༢ པའི་ནང་ ཨ་ལོ་དང་ཨའི་དང་འབྲེལ་བའི་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ནིའི་དོན་ལུ་ ལཱ་སྤྲོད་ཡོདཔ་ཨིན་རུང་ ཁག་འབགཔ་ལ་ལོ་གིས་ ལཱ་སྤྲོད་པའི་སྐབས་ དབྱེ་ཞིབ་འབད་ནིའི་ལམ་ལུགས་ལུ་ དོགས་པ་ཆགས་ཏེ་ རང་དབང་བསྐྱར་ཞིབ་ཚོགས་ཆུང་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁག་འབག་ལཱ་དེ་ ཆ་མེད་བཏང་སྟེ་ ལོག་རིན་བསྡུར་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

རང་དབང་བསྐྱར་ཞིབ་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་མི་དེ་ ཚོགས་ཆུང་མཐོ་ཤོས་ཨིནམ་ལས་ མཁོ་སྒྲུབ་དང་འབྲེལ་བའི་ལཱ་ཚུ་ ཁྲིམས་དང་འཁྲིལ་ མ་འབད་བ་ཅིན་ ཆ་མེད་གཏང་ཆོགཔ་ཨིན་པས།

འབྲུག་སྐྱབས་ཆ་སྒེར་སྡེ་ཚན་འཛིན་གྱིས་ ཡིག་ཆ་ག་ར་ སྤྲོད་དེ་འབད་རུང་ མི་སྟོབས་ཀྱི་ཐད་ཁར་ སྐུགས་ཀླད་ཀོར་བྱིན་ཡོདཔ་ད་ དེ་ཡང་ ལས་སྡེ་དེ་གི་ ལས་བྱེདཔ་༢ ལས་སྡེ་གཞན་ནང་ ལཱ་འབད་མི་ཨིནམ་ད་ གཞན་མི་ཚུ་ ལྕོགས་གྲུབ་མེད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།

ལས་སྡེའི་བཀོད་ཁྱབ་འགོ་དཔོན་གྱིས་ དབྱེ་ཞིབ་འབད་མི་སྡེ་ཚན་གྱིས་ མཁོ་སྒྲུབ་ཀྱི་ལམ་ལུགས་དང་འཁྲིལ་ སྐུགས་བྱིན་ཏེ་མིན་འདུག་ཟེར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

བཀོད་ཚོགས་དེ་གིས་ བསྐྱར་ཞིབ་འབད་བའི་ཤུལ་ལས་ རིན་བསྡུར་ཆ་མེད་བཏང་སྟེ་ ལོག་རིན་བསྡུར་འབད་དགོཔ་སྦེ་ སླབ་ཡོདཔ་ད་ རིན་བསྡུར་ཉུང་ཤོས་འབད་མི་ ཊི་ཀུན་འཛོམས་བཟོ་སྐྲུན་ལས་སྡེ་གི་ མཐོ་གཏུགས་ཡི་གུ་ནང་ཡང་ བཀོད་ཚོགས་ཀྱིས་ གནད་དོན་དེ་ ཅོག་འཐདཔ་སྦེ་ བྱིན་ཡོདཔ་ཨིན་པས།

ལྕགས་ཆས་ལུ་ ཁྲལ་བཏབ་པའི་ཡིག་ཆ་བཏོན་ནི་མེདཔ་ལས་ ལས་སྡེ་ལུ་ ཅ་ཆས་ཀྱི་ཐད་ཁར་ སྐུགས་ཀླད་ཀོར་བྱིན་ཡོདཔ་ད་ བཀོད་ཚོགས་ཀྱིས་ བསྐྱར་ཞིབ་འབད་མི་བཀོད་ཚོགས་ཀྱིས་ ལམ་ལུགས་དང་འཁྲིལ་ཏེ་ བསྐྱར་ཞིབ་འབད་ནུག་ཟེར་ བཀོད་ཡོདཔ་ཨིན་པས།

བསྐྱར་ཞིབ་བཀོད་ཚོགས་ཀྱི་ཐག་བཅད་མི་དེ་ མཐའ་བཅད་ཨིནམ་ལས་ བསམ་པ་མ་རྫོགས་མི་ཚུ་གིས་ ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཆོག་ནི་ཨིན་པས།

ལས་འགུལ་གྱི་འགོ་འཛིན་ མགོན་པོ་གིས་བཤད་མིའི་ནང་ དབྱེ་ཞིབ་འབད་བའི་སྐབས་ དབྱེ་ཞིབ་མ་འབད་བར་ མ་བཞག་ཟེར་ཨིན་པའི་ཁར་ གསོ་བའི་ལྷན་ཁག་གི་ ལས་འགུལ་སྦོམ་ཤོས་འབད་ནི་དེ་གིས་ ཚོགས་ཆུང་གིས་ ཧེང་སྐལ་ར་ དྲནམ་བཏོན་ཏེ་ དྭངས་གསལ་ཐོག་ལས་ འབད་ཡི་ཟེར་ཨིན་པས།

ང་བཅས་ཀྱིས་ དབྱེ་ཞིབ་དེ་ནང་ དུམ་གྲ་ཅིག་ འཛོལ་ཏེ་འབད་རུང་ ལས་འགུལ་ལུ་ ཐོ་སྦོམ་ཕོག་ནི་ཨིན་པའི་སྐོར་ལས་ཤེས་ཟེར་བཤད་པའི་ཁར་ བཀོད་ཚོགས་སོ་སོར་གྱིས་ དབྱེ་ཞིབ་འབད་རུང་ གྲུབ་འབྲས་དེ་ ཅོག་འཐདཔ་འཐོན་འོང་ཟེར་ཨིན་པས།

ཁག་འབགཔ་ཅིག་གིས་ སླབ་མིའི་ནང་ ཉིནམ་༡ གི་ནང་འཁོད་ལུ་ ཁྲལ་བཏབ་པའི་ཡིག་ཆ་འཐོབ་ཚུགས་ནི་དེ་ ལཱ་ཁག་ཨིན་པའི་ཁར་ ཁོ་གིས་ ལས་འགུལ་འགོ་དཔོན་ཚུ་ལུ་ གསལ་སྟོན་འབད་ནིའི་དོན་ལུ་ ཁག་འབག་གཞན་ཅིག་ལས་ ལྕགས་འབག་དགོཔ་ཐོན་ཡི་ཟེར་ཨིནམ་ད་ ཉོ་མི་དེ་གིས་ ལོ་དག་པ་ཅིག་གི་ ཧེ་མ་ལས་ ཉོ་ཡོདཔ་ལས་ ཁྲལ་བཏབ་པའི་ཡིག་ཆ་དེ་ཡང་ འཐོབ་མ་ཚུགས་ཟེར་ཨིན་པས།

ང་བཅས་ཀྱིས་ བསྐྱར་ཞིབ་འབད་བའི་སྐབས་ དྭངས་གསལ་ཐོག་ལས་ འབད་ནིའི་མནོ་བསམ་ཨིན་ཟེར་ འགོ་དཔོན་ཚུ་གིས་བཤད་པའི་ཁར་ བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ བསྐྱར་ཞིབ་ཚོགས་ཆུང་གིས་ ཐག་བཅད་མི་དེ་ མཐའ་བཅད་ཨིནམ་ལས་ ལས་འགུལ་དེ་ འཆར་གཞི་༡༢ པའི་ནང་ འཕྲོ་མཐུད་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *