རྒྱལ་པོའི་ཞིང་-ངང་ལམ་གྱི་གཞུང་ལམ།

རྒྱལ་པོའི་ཞིང་-ངང་ལམ་གྱི་གཞུང་ལམ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ མཐུད་སྦྲེལ་འབད་ནི།

༉ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ རྒྱལ་པོའི་ཞིང་-ངང་ལམ་གྱི་ གཞུང་ལམ་དེ་ ཀུར་རི་གོང་རི་ལུ་ མཐུད་སྦྲེལ་འབད་ནིའི་དོན་ལུ་ ཀི་ལོ་མི་ཊར་༡ དེ་ཅིག་ ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ མཐུད་སྦྲེལ་འབད་དེ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགསཔ་བཟོ་ནིའི་ དམིགས་གཏད་བསྐྱེདཔ་ཨིན་པས།
མ་གཞི་ གཞུང་ལམ་དེ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ མཐུད་སྦྲེལ་འབད་ནིའི་ དམིགས་གཏད་བསྐྱེད་ཡོད་རུང་ འབད་མ་ཚུགསཔ་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ དམིགས་གཏད་བསྐྱེད་དོ་བཟུམ་ འབད་མི་ཚུགས་ནི་ཨིནམ་ལས་ སྤྱི་ཟླ་༡༢ པ་ལུ་ ཕར་འགྱངས་འབད་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ འཇིགས་མེད་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ མཐུད་སྦྲེལ་འབད་ནིའི་ དམིགས་གཏད་བསྐྱེད་ཡོད་རུང་ གནམ་བྱཱར་ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ལཱ་འབད་མ་ཚུགསཔ་ལས་ སྤྱི་ཟླ་༧ པ་དང་༨ པའི་ ཟླཝ་༢ པོ་དེ་ ལཱ་བཤོལ་བཞག་དགོཔ་བྱུངམ་ལས་ དམིགས་གཏད་དང་བསྟུན་ འབད་མི་ཚུགས་ནི་མས་ཟེར་ཨིན་པས།
འཇིགས་མེད་བསྟན་འཛིན་གྱིས་ སླབ་མིའི་ནང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ཡང་ གཞུང་ལམ་བདའ་སྟེ་ ཟམ་དང་ རྩི་ནག་གཏང་ནི་ལ་སོགས་པའི་ ལཱ་ག་ར་ སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་དགོཔ་སྦེ་ བཀའ་གནང་མི་ལུ་བརྟེན་ དུས་ཚོད་དེ་ནང་ར་ མཇུག་བསྡུ་ཚུགསཔ་འབད་ནིའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་དེ་ སྤྱི་ལོ་༢༠༠༦ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ཁག་འབགཔ་གིས་འབད་ཡོད་རུང་ ཁག་འབགཔ་དེ་ ཆ་མེད་བཏང་མི་ལུ་བརྟེན་ སྤྱི་ལོ་༢༠༡༤ ལས་ ལམ་སེལ་ལས་ཁུངས་ཀྱིས་ རྩིས་ལེན་ཡི་ཟེར་ཨིནམ་ད་ ད་ལྟོ་ཚུན་ བྱག་སྤོག་མ་ཚུགས་མི་དེ་གུ་ དུས་ཡུན་འགོར་ཡི་ཟེར་ཨིན་པས།
ད་རེས་ བྱག་དེ་ཡང་ སྤོག་མ་ཚུགས་པར་ཡོདཔ་བཞིན་དུ་ འཁོར་ལམ་མཐུད་སྦྲེལ་འབད་ནིའི་ནང་ མི་ཊར་༧༠༠ དེ་ཅིག་ལས་མེད་རུང་ ལམ་དེ་ གྱེན་སྦེ་ལུས་དོ་ཡོདཔ་ལས་ ད་རུང་ མི་ཊར་༣༠༠ དང་༣༥༠ དེ་ཅིག་ སྒོར་ལྟབ་བཟོ་དོ་ཡོད་མི་ལུ་བརྟེན་ དེ་གི་དོན་ལུ་ ད་རེས་ཀྱི་ ཟླཝ་ནང་ལས་ ལཱ་འགོ་བཙུགས་ཅི་ཟེར་ཨིན་པས།
འཇིགས་མེད་བསྟན་འཛིན་གྱིས་ སླབ་མིའི་ནང་ ངང་ལམ་ལས་ རྒྱལ་པོའི་ཞིང་ཁ་ཐུག་ འཁོར་ལམ་ཀི་ལོ་མི་ཊར་༣༨ རྩི་ནག་བཏང་ཚར་ཡོདཔ་བཞིན་དུ་ ད་རུང་ ཀི་ལོ་མི་ཊར་༤.༦ རྩི་ནག་གཏང་ནིའི་དོན་ལུ་ ཁག་འབགཔ་ལུ་ བྱིན་ཡོདཔ་ལས་ བསྡོམས་ཀི་ལོ་མི་ཊར་༤༢.༦ རྩི་ནག་གཏང་ཚར་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་ལམ་དེ་ སེལ་བའི་སྐབས་ གདོང་ལེན་སྦོམ་ཤོས་ར་ ས་ཆ་དེ་ བྱག་དང་གངས་ཚུ་ནང་ ཆགས་ཡོད་མི་དེ་གིས་ཨིནམ་མ་ཚད་ དེ་ཁར་ རྒྱ་གར་གྱི་ ལས་མི་ཅིག་ལུ་ ཤི་རྐྱེན་བྱུང་མི་ལུ་བརྟེན་ ལས་མི་ཚུ་ཡང་ མང་ཤོས་ར་ རྒྱ་གར་ལས་ ཨིནམ་བཞིན་དུ་ ཁོང་ཆ་ཁྱབ་ གཡུས་ཁར་འགྱོ་བའི་ཤུལ་ལས་ ལོག་འོང་མི་བཏུབ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ འཕྲལ་འཕྲལ་ར་ འཕྲུལ་ཆས་ཚུ་ཡང་ མེདཔ་ཐལ་དོ་ཡོད་པའི་ དཀའ་ངལ་ཡོདཔ་ལས་ ཅ་ཆས་ཚུ་ འཐོབ་མ་ཚུགས་པར་ དུས་ཡུན་བདུན་ཕྲག་ལས་བཅད་དེ་ ལུས་ཡོད་མི་དེ་གིས་ཡང་ ལཱ་ལུ་གནོདཔ་མས་ཟེར་ ཨིནམ་མ་ཚད་ འབྲུག་པའི་ལས་མི་ཚུ་གིས་ གླ་ཆ་མངམ་མཁོ་འདོད་བཀོད་མི་ལུ་བརྟེན་ ད་རེས་ ཁོང་ལུ་ ཉིན་འཐུས་དངུལ་ཀྲམ་༤༠༠ དང་༤༥༠ གི་བར་ན་ བྱིན་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་དེ་ཁར་ ཟམ་༢ རྐྱབ་དགོ་མི་ལས་༡ རྐྱབ་ཚར་ཡོདཔ་བཞིན་དུ་ ད་ལྟོ་ ཀུར་རི་གོང་རི་དེ་གུ་ ཟམ་རྐྱངམ་གཅིག་རྐྱབ་དགོཔ་ཨིནམ་ད་ སྤྱི་ལོ་༢༠༡༧-༡༨ ལུ་ གཞུང་ལམ་རྩི་ནག་གཏང་ནི་དང་ ཟམ་རྐྱབ་ནི་ལ་སོགས་པ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༥༠ དེ་ཅིག་ཡོད་ཟེར་ ཨིན་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *