རྒྱལ་པོའི་ཞིང་ཁྲོམ་གྱི་འོག་ལུ་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱིས་རྐྱབ་མི་ སྦ་སྒོར་རྙིངམ་ཚུ།

རྒྱལ་པོའི་ཞིང་ལུ་ སྡོད་ཁྱིམ་ཐོབ་མ་ཚུགས་པའི་དཀའ་ངལ།

༉ མོང་སྒར་རྒྱལ་པོའི་ཞིང་ཁྲོམ་ གོང་འཕེལ་འགྱོ་མི་དང་བསྟུན་ མི་རློབས་ཡང་ མགྱོགས་དྲགས་སྦེ་ར་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ད་རེས་ནངས་པར་ མི་སེར་བརྒྱ་ལས་བཅད་དེ་ སྡོད་ཁྱིམ་འཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སར་མཐོང་ཚུགསཔ་ཨིན་པས།
གཞུང་གི་ ལས་སྡེ་ཁག་གི་ཡིག་ཚང་དང་ ལུང་ཕྱོགས་ཀྱི་ལས་འཛིན་ཡིག་ཚང་ དེ་ལས་ སྒེར་སྡེ་ཡིག་ཚང་ཚུ་ནང་ ལཱ་འབད་མི་ དེ་ལས་ ཚོང་ལཱ་འབད་མི་ཚུ་ རྒྱལ་པོའི་ཞིང་ཁྲོམ་ནང་ སྡོད་དོ་ཡོདཔ་ལས་ ཁྲོམ་ནང་ སྒྲིང་ཁྱིམ་དག་པ་ཅིག་ཡོད་མི་ཚུ་ ཧེ་མ་ལས་ ཁྲོམ་འདི་ནང་སྡོད་ཚུ་གིས་ གང་སྟེ་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྫོང་ཁག་གཞན་ཁར་ལས་ གནས་སོར་འོང་མི་ ཞི་གཡོགཔ་དང་ ལས་འཛིན་ཁག་ཚུ་ནང་ ལཱ་འབད་མི་ཚུ་ སྡོད་ཁྱིམ་འཐོབ་མ་ཚུགསཔ་ལས་ ཉེན་སྲུང་དང་ལྡནམ་སྦེ་མེད་པའི་ སྦ་སྒོར་ཚུ་ནང་ ཐབས་མེད་པར་ སྡོད་དགོཔ་ཐོན་ཏེ་འདུག།
གཞན་དལ་གཞི་ སྤྱི་ལོ་༢༠༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་༣༠ ལྷགཔ་ཅིག་ལུ་ ཁྱིམ་སའི་སྐྱིད་སྡུག་གནང་ཡོདཔ་ལས་ སའི་ཇོ་བདག་ཚུ་གིས་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་དེ་ཡོད་པ་ཅིན་ དེ་གིས་ ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ཐབས་འབད་ཚུགས་ནི་ཨིན་པས།
ཆུ་ཁ་རྫོང་ཁག་ལས་ གནས་སོར་འོང་མི་ རྡོ་རྗེ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁྲོམ་ནང་ སྒྲིང་ཁྱིམ་ཡོད་མི་ཚུ་ ལྟེམ་ལྟེ་སྦེ་ གང་ཡོདཔ་མ་ཚད་ ཤུལ་ལས་འོང་མི་ཚུ་གིས་ རྩ་ལས་ར་ ཁྱིམ་འཐོབ་མི་ཚུགས་པས་ཟེར་ཨིན་པས།
རྡོ་རྗེ་རྣམ་རྒྱལ་དང་ བཟའ་ཚང་ཚུ་ ད་རེས་ནངས་པར་ ཁྲོམ་གྱི་འོག་ལུ་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱི་ སྦ་སྒོར་རྙིངམ་ཚུ་ནང་ ཉེན་ཁ་འབག་སྟེ་ སྡོད་དགོཔ་བྱུང་ཡི་ཟེར་ སླབ་ཨིན་པས།
ཨ་ལོ་༣ གྱི་ཨའི་ཨིན་མི་ འཇམ་དབྱངས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ བསྲེ་ཚོད་བཙོང་སྟེ་ བཟའ་ཚང་འཚོ་ སྐྱོང་འཐབ་དགོ་ནི་དེ་གིས་ ཐབས་ལམ་གཞན་མེདཔ་ལས་ ཚེ་སྲོག་ལུ་ཉེན་ཁ་འབག་སྟེ་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱིས་ བཟོ་སྐྲུན་འབད་མི་ སྦ་སྒོར་རྙིངམ་ཅིག་ལུ་ ཟླ་རིམ་ཁང་གླ་དངུལ་ཀྲམ་༡༥༠༠རེ་སྤྲོད་དེ་ སྡོད་དོ་ཟེར་ཨིན་པས།
ཁྲོམ་ནང་ ཁྱིམ་ས་ཐོབ་མི་ ཀུན་ལེགས་དབངམོ་གིས་ སླབ་མིའི་ནང་ ཁྱིམ་བཟོ་སྐྲུན་འབད་ནིའི་དོན་ལུ་ དགོས་མཁོ་དང་བསྟུན་པའི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་དེ་ཡོདཔ་ལས་ ཁྱིམ་རྐྱབ་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་ལས་ གནང་བ་ལེན་པའི་སྐབས་ ཁྲོམ་སྡེ་གོང་འཕེལ་གྱི་ལས་སྣ་ཚུ་ བཟོ་སྐྲུན་འབད་བའི་ཤུལ་ལས་ རྐྱབ་དགོཔ་སྦེ་ ཡོད་མི་དང་འཁྲིལ་ ད་ལྟོ་ སྒུག་སྡོད་དོ་ཟེར་ཨིན་པས།
ཁྲོམ་སྡེ་ཚོགས་པ་གིས་ སླབ་མིའི་ནང་ ཁྲོམ་ནང་ སྒྲིང་ཁྱིམ་ཐོག་༤ འབད་མི་༡༦ ལས་བརྒལ་མེད་ནི་དེ་གིས་ ཉིན་བསྟར་བཞིན་དུ་ ཁང་གླ་འཚོལ་བར་ ལེ་ཤ་འོང་ནི་འདུག་ཟེར་ཨིནམ་ད་ མི་དབང་མངའ་བདག་རིན་པོ་ཆེ་ མཆོག་གིས་ གུང་པ་༣༦ ལུ་ ཁྱིམ་ས་གནང་མི་ཚུ་ འཕྲལ་མགྱོགས་ར་ བཟོ་སྐྲུན་འབད་དགོ་པའི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་དེ་ཡོད་ཟེར་ཨིན་པས།
ལྷག་པར་དུ་ རྒྱལ་པོའི་ཞིང་དང་ ངང་ལམ་བར་ནའི་ གཞུང་ལམ་བསལ་ཚར་ཏེ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ལས་ ཚོང་ལཱ་ཆུང་ཀུ་རྐྱབ་མི་ཚུ་ཡང་ ཁྱིམ་ཐོབ་མ་ཚུགས་པར་ཡོདཔ་ཨིན་པས།
དེ་མ་ཚད་ བཟའ་ཚང་དང་ ཉལ་ཁང་ཚུ་ཡང་ གཞི་རྟེན་མཐུན་རྐྱེན་ཚངམ་སྦེ་ ཁྲོམ་ནང་ ཁྱིམ་ས་ཐོབ་མི་ཚུ་གིས་ མགྱོགས་སུ་སྦེ་ ཁྱིམ་བཟོ་སྐྲུན་འབད་དགོ་པའི་ཁར་ བཙུགས་དགོཔ་ཡོད་ཟེར་ཨིན་པས།
ཁྲོམ་སྡེ་འཐུས་མི་གིས་ སླབ་མིའི་ནང་ གལ་སྲིད་ ཕྱི་མི་ལྟ་བཤལཔ་ཚུ་ རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་ འོང་པ་ཅིན་ ཁྲོམ་ནང་ བཟའ་ཚང་དང་ ཉལ་ཁང་མེད་པའི་གདོང་ལེན་དང་ མཐའ་འཁོར་ཡང་ ཧིང་ སངས་ས་བཞག་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་དེ་ ཁྲོམ་གཞན་དང་མ་འདྲཝ་སྦེ་ བཟོ་ནིའི་དོན་ལུ་ ད་རེས་ནངས་པར་ ལམ་རྒྱ་བསྐྱེད་དང་ གསརཔ་བཏོན་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་མ་ཚད་ ཁྱིམ་ས་ཐོབ་མི་ཚུ་གིས་ཡང་ ཁྱིམ་བཟོ་སྐྲུན་ འབད་ནིའི་དོན་ལུ་ གཞུང་ལས་ བཟོ་བཀོད་དང་ འཆར་གཞི་ལུ་ སྒུག་སྡོད་དོ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་དེ་ ཤར་ཕྱོགས་རྫོང་ཁག་༦ གི་དོན་ལུ་ ཁྲོམ་སྡེ་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིནམ་ད་ ད་རེས་ནངས་པར་ ཁྲོམ་ཁར་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་དེ་ཡོདཔ་མ་ཚད་ བོང་སྡེ་མ་ལུ་ བཟོ་གྲྭ་འཕྲུལ་ཁང་ དེ་ལས་ གངས་རི་ཧ་ཟས་དང་ ཤིང་འབྲས་ཀྱི་ བཟོ་གྲྭ་འཕྲུལ་ཁང་ཚུ་ཡང་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ ཨིན་པའི་གནས་ཚུལ།

རྒྱལ་པོའི་ཞིང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *