ཁ་ཙ་ ལམ་ཆད་མི་དེ་ སེལ་ཚརཝ་དང་འབྲེལ་ སྣུམ་འཁོར་ཚུ་ བཏང་པའི་བསྒང་།

རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ ལོག་སྒོ་ཕྱེ་ཡོདཔ།

༉ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་ གཞུང་ལམ་བདའ་སྟེ་ བདུན་ཕྲག་༡ གི་རིང་ རྒྱུན་འགྲུལ་བཀག་མི་དེ་ ཁ་ཙ་ལས་ སྣུམ་འཁོར་ཚུ་བཏང་ཡི།
དེ་ཡང་ ཀུར་རི་གོང་རི་གཙང་ཆུ་ འཛོམས་ས་ལས་ ཀི་ལོ་མི་ཊར་༤ དེ་ཅིག་གི་ ས་གོ་ནང་ ས་རུད་ཀྱིས་ གཞུང་ལམ་རྩ་བ་ལས་ འཕྱགས་བདའ་ཡོད་མི་དེ་ སེལ་ཚར་ནི་དེ་གིས་ཨིན་པས།
མོང་སྒར་གླིང་མི་ཐང་ ལུང་ཕྱོགས་ལམ་སེལ་ལས་སྡེ་ལས་ བཟོ་རིག་གཙོ་འཛིན་ ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༦ ཚེས་༧ ལུ་ ས་རུད་ཆད་དེ་ ལམ་འཕྱགས་བདའ་ཡོདཔ་མ་ཚད་ སྤྱི་ཚེས་༡༩ འི་དྲོ་པར་ ད་རུང་ ཆརཔ་ཤུགས་སྦེ་རྐྱབ་ད་ ཧེང་སྐལ་ར་ ལམ་འཕྱགས་བདའ་ཡོདཔ་ལས་ སྣུམ་འཁོར་ཚུ་ ལམ་འགྲུལ་འབད་མ་བཅུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་དེ་ར་ བྱག་དང་ གཤོང་ལས་ཕར་ སེལ་ཡོདཔ་མ་ཚད་ སའི་ཆགས་ཚུལ་ཡང་ བརྟན་ཏོག་ཏོ་མེདཔ་ལས་ ས་བརྐོ་འཕྲུལ་ཆས་དང་ གས་རྫས་ཚུ་ ལག་ལེན་འཐབ་ཐོག་ལས་ ལམ་ལོག་སེལ་དགོཔ་ ཐལ་ཡི་ཟེར་ཨིན་པས།
ལམ་སེལ་ལས་སྡེའི་ བཟོ་རིག་འགོ་དཔོན་ཚུ་གི་ འགོ་འདྲེན་ཐོག་ལས་ ལམ་ཕར་ཚུར་ རྒྱ་ཚད་མི་ཊར་༣༠ དང་༤༥ འི་བར་ན་ རྩ་བ་ལས་ ལོག་སེལ་ཡོདཔ་ལས་ བདུན་ཕྲག་༡ འགོར་ཡོདཔ་ཨིན་པས།
སྣུམ་འཁོར་ཊཱག་གི་ ཇོ་བདག་དང་ དེད་གཡོགཔ་ཡང་ཨིན་མི་ ཚེ་རིང་བཀྲིས་ཀྱིས་ སླབ་མིའི་ནང་ རྒྱུན་འགྲུལ་འབད་མ་བཅུག་པར་ བཀག་ཆ་འབད་མི་གིས་ ཚོང་འབྲེལ་ལུ་ ཐོ་ཕོག་ཅི་ཟེར་ཨིནམ་ད་ ཁོ་གིས་ མོང་སྒར་དང་ ལྷུན་རྩེ་ བུམ་ཐང་ བཀྲིས་སྒང་ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་གི་ ཚོང་ཆས་དང་ ཅ་ཆས་ཚུ་ ཕུན་ཚོགས་གླིང་ཁྲོམ་ལས་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
ངང་ལམ་དང་ རྒྱལ་པོའི་ཞིང་གཞུང་ལམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ འགོ་འབྱེད་གནང་པའི་ཤུལ་ལས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་བརྒྱ་ལྷགཔ་རེ་ འགྲོ་འགྲུལ་འབདཝ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༥ ལུ་ མོང་སྒར་དང་ ཕུན་ཚོགས་གླིང་ དེ་ལས་ བཀྲིས་སྒང་དང་ ཕུན་ཚོགས་གླིང་གི་བར་ན་ མི་མང་སྐྱེལ་འདྲེན་བཱསི་༢ གཞི་བཙུགས་འབད་དེ་ བདུན་ཕྲག་༡ གི་རིང་ རྒྱུན་འགྲུལ་འཐབ་པའི་ཤུལ་ལས་ བཀག་འཛིན་འབད་དེ་འདུག།
མོང་སྒར་ལུང་ཕྱོགས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཞུང་ལམ་དེ་ གསརཔ་འབདཝ་ལས་ བརྟན་ཏོག་ཏོ་ མ་འགྱོ་བར་ ཡོད་པའི་ཁར་ ལམ་ཆད་སའི་ ས་གོ་དེ་ཡང་ རྒྱ་ཆུང་ཀུ་འབདཝ་ལས་ ཉེན་སྲུང་དང་ལྡནམ་སྦེ་ མེད་ནི་དེ་གིས་ ཆར་ཆུའི་དུས་ཚོད་ནང་ སྐྱེལ་འདྲེན་ཞབས་ཏོག་ བཀག་འཛིན་འབད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཀུར་རི་གོང་རི་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *