ངང་ལམ་གྱི་ ཁ་ཐུག་ལས་ གཞུང་ལམ་གྱི་དཔག་ཚད་ བྱག་གཟར་དྲགས་ཀྱི་ སྐེདཔ་གུ་ལས་ ཕོག་ནི་དེ་གིས་ ལམ་སེལ་མི་ཚུ་ལུ་ གདོང་ལེན་བྱུང་མིའི་མཐོང་སྣང་།

རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ སྤྱི་ཟླ་༡༡ པའི་ནང་ མཐུད་སྦྲེལ་འབད་ནི།

༉ ཡུན་འགྱངས་སྦེ་ ལུས་ཡོད་མི་ རྒྱལ་པོའི་ཞིང་དང་ ངང་ལམ་བར་ནའི་ གཞུང་ལམ་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ མཇུག་བསྡུ་ཚུགསཔ་འབད་ནི་གི་ དམིགས་གཏད་བསྐྱེད་མི་དང་འཁྲིལ་ ལམ་སེལ་ལས་ཁུངས་ཀྱིས་ ད་རེས་ནངས་པར་ ལམ་སེལ་གྱི་ ལཱ་ཚུ་ལུ་ ཤུགས་ལང་པའི་བསྒང་ཡོདཔ་ཨིན་པས།

མ་གཞི་ རྒྱལ་པོའི་ཞིང་ཁ་ཐུག་ལས་ གཞུང་ལམ་ཀི་ལོ་མི་ཊར་༣༣.༤༢ སེལ་ཚར་ཏེ་ རྩི་ནག་ཡང་ བཏང་ཚར་བའི་ཤུལ་ལུ་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་ཡོད་རུང་ གཞུང་ལམ་༢ མཐུད་སྦྲེལ་འབད་ནི་ལུ་ ངང་ལམ་གྱི་ ཁ་ཐུག་ལས་ འཁོར་ལམ་མི་ཊར་༧༠༠ རྐྱངམ་གཅིག་ སེལ་མ་ཚར་ ལུས་ཡོདཔ་ཨིན་པས།
ད་ལྟོ་ ངང་ལམ་ལས་ གཞུང་ལམ་ཀི་ལོ་མི་ཊར་བསྡོམས་༤༣ སེལ་དགོ་མིའི་གྲས་ལས་ ཀི་ལོ་མི་ཊར་༣༨ དེ་ རྩི་ནག་བཏང་ཚར་ཡོདཔ་བཞིན་དུ་ ཀི་ལོ་མི་ཊར་༤.༦ གུ་ རྩི་ནག་གཏང་ནི་དང་ འཁོར་ལམ་སྙོམ་ནིའི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ ལས་འགུལ་བཟོ་རིག་འགོ་དཔོན་ འཇིགས་མེད་བསྟན་འཛིན་གྱིས་ སླབ་མིའི་ནང་ གལ་སྲིད་ གནམ་གཤིས་གནས་སྟངས་ ལེགས་ཤོམ་ཐོག་ལུ་ གནས་པ་ཅིན་ ལཱ་ཚུ་ཡང་ འཆར་གཞི་དང་འཁྲིལ་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་མི་ཊར་༧༠༠ འབད་མིའི་ནང་ ས་བཅད་ཀྱི་ གཞི་རྟེན་ལཱ་འབད་ཚར་ཡོདཔ་ལས་ ད་ལྟོ་ ལམ་སེལ་བའི་བསྒང་ཡོད་ཟེར་ཨིན་པས།
ལས་ཁུངས་ཀྱིས་ གཞུང་ལམ་༢ མཐུད་སྦྲེལ་གྱི་དོན་ལུ་ ཀུར་རི་དང་ གོང་རི་གཙང་ཆུ་འཛོམས་ས་ལུ་ རིང་ཚད་མི་ཊར་༢༨༠ འབད་མི་ ལྗིད་ཚད་མེ་ཊིག་ཊཱོན་༡༨ ལས་༢༤ ཚུན་ འབག་ཐེག་མི་ གནས་སྐབས་ཀྱི་ ལྕགས་ཟམ་ཅིག་ རྐྱབ་ནི་ཨིན་པས།
ཨིན་རུང་ ཕྱོགས་གཅིག་ལས་ ས་མཐོ་དྲགས་སྦེ་ཡོད་མི་ལུ་བརྟེན་ མ་འོངས་པར་ སྣུམ་འཁོར་ཆེ་བ་ཚུ་ རྒྱུན་འགྲུལ་འཐབ་ད་ ལཱ་ཁག་གཏང་ནི་ཨིནམ་ལས་ འཕྲལ་ཁམས་ཅིག་ཁར་ ཞབས་ཏོག་ལྷ་ཁག་གི་ འགོ་དཔོན་ཚུ་ ས་ཁོངས་ནང་འོང་སྟེ་ གནས་སྐབས་ཀྱི་ཟམ་དེ་ གཙང་ཆུ་༢ འཛོམས་སར་ རྐྱབ་ནི་གི་ འོས་འབབ་ཡོད་མེད་ བརྟག་ཞིབ་འབད་ཡི་ཟེར་ ལས་འགུལ་བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ད་ལྟོ་ བརྟག་ཞིབ་ཀྱི་ སྙན་ཞུ་ཚུ་ མ་ལྷོད་པར་ཡོདཔ་ད་ གལ་སྲིད་ ས་ཁོངས་དེ་ནང་ལས་ ཟམ་རྐྱབ་མ་ཚུགས་པ་ཅིན་ འཁོར་ལམ་དེ་ མི་ཊར་༧༠༠ ལས་ དང་རུང་ མི་ཊར་༡༠༠ དེ་ཅིག་ ཡར་སེང་འགྱོ་ནི་བཟུམ་ཡོདཔ་ཨིན་པས།
འཇིགས་མེད་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་ལྟོ་ ལམ་སེལ་གྱི་ ལཱ་འབད་མི་ཚུ་ལུ་ གདོང་ལེན་བྱུང་སྟེ་ཡོད་མི་དེ་ཡང་ སྤྱི་ཟླ་༣ པའི་ནང་ འཁོར་ལམ་སེལ་བའི་སྐབས་ ལས་མི་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ལས་མི་ག་ར་ བྱོག་ཡར་སོཔ་ལས་ ལཱ་ལུ་ཐོ་སྦོམ་སྦེ་ར་ ཕོག་ཅི་ཟེར་ཨིན་པས།
ད་ལྟོ་ འབྲུག་པའི་ལས་མི་༡༤ གིས་ འཁོར་ལམ་སེལ་བའི་བསྒང་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ རྒྱ་གར་གྱི་ ལས་མི་༨ བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ ལས་འགུལ་བཟོ་རིག་འགོ་དཔོན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ རྡོ་དང་ ཆུ་རུད་ཐོན་མི་དེ་གིས་ ལཱ་འབད་ནི་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་མ་ཚད་ འཕྲུལ་ཆས་ཚུ་ཡང་ འཕྲལ་འཕྲལ་ར་ མེད་ཐལ་བའི་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཞབས་ཏོག་ལྷན་ཁག་ བཟོ་བཀོད་སྡེ་ཚན་ལས་ བཟོ་རིག་འགོ་དཔོན་གོངམ་ ལུང་བསྟན་རྒྱ་མཚོ་གིས་ བཤད་མིའི་ནང་ ལམ་གྱི་དཔག་ཚད་དེ་ བྱག་གཟར་དྲགས་ཀྱི་ སྐེདཔ་གུ་ལས་ ཕོག་ནི་དེ་གིས་ ལམ་སེལ་གྱི་ལཱ་ ཡུན་འགྱངས་སྦེ་ ལུས་ཡོདཔ་ཨིན་རུང་ དུས་ཅི་གི་ལོ་ནང་ར་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཀི་ལོ་མི་ཊར་༧༥ འབད་མི་ རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་དེ་ཡང་ སྤྱི་ལོ་༢༠༠༦ ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༡.༠༢ གྲོགས་རམ་བྱིན་ཐོག་ལས་ སེལ་ནི་འགོ་བཙུགས་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *