རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ བོ་ལི་བཱོལ་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ ལས་ཁུངས་ཁག་གི་བར་ན་ བོ་ལི་བཱོལ་ རྩེད་འགྲན་འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ཕོ༌སྐྱེས་ཀྱི་དབྱེ་ཁག་ནང་ལས་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ རྒྱལ་ཁ་ཐོབ་ཅི།
རྩེད་འགྲན་དེ་ཡང་ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་བར་ན་ རྩེད་འགྲན་འབད་ཡི།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་དེ་ དོ་འགྲན་ཅན་སྦེ་ བྱུང་མི་དེ་ཡང་ སྡེ་ཚན་༢ ཆ་ར་གིས་ སྐུགས་༢༥ རེ་ འདྲན་འདྲ་ཐོབ་མི་ལུ་བརྟེན་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ རྩེད་འགྲན་འཕྲོ་མཐུད་འབདཝ་ད་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ སྐུགས་༢༩ ཐོབ་སྟེ་ རྒྱལ་ཁ་ཐོབ་ཅི།
སྐོར་ཐེངས་༢ པའི་རྩེད་འགྲན་སྐབས་ སོ་ནམ་དང་ནགས་ཚལ་ལྷན་ཁག་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ དོ་འགྲན་སྒྲིང་སྒྲི་འབད་རུང་ རྩེད་འགྲན་པའི་སྡེ་ཚན་ནང་འཁོད་ལུ་ འཐུས་ཤོར་དུམ་གྲ་རེ་ བྱུང་མི་ལུ་བརྟེན་ རྒྱལ་ཁ་ཐོབ་མ་ཚུགས།
ལྟདམོ་ལྟ་མི་ཚུ་གིས་ བཤད་མིའི་ནང་ རྩེད་འགྲན་ནང་ སྡེ་ཚན་༡༡ གིས་ བཅའ་མར་གཏོགས་མིའི་གྲས་ལས་ བསྟན་སྲུང་དམག་སྡེའི་ སྡེ་ཚན་དེ་ སྒྲིང་སྒྲི་དང་ དྲག་ཤོས་ཅིག་སྦེ་ སྡོད་ཅི་ཟེར་ཨིན་པས།
ཨིན་རུང་ མཐའ་བཅད་འོག་མའི་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་སྡེ་ཚན་གྱིས་ འཇམ་ཏོང་ཏོ་སྦེ་ ཕམ་བཏང་མི་ལུ་བརྟེན་ ག་ར་ ཧ་ལས་དགོཔ་ བྱུང་ཡི་ཟེར་ཨིན་པས།
རྩེད་རིགས་ཚུ་ནང་ སྡེ་ཚན་སྒྲིང་སྒྲི་དང་ སྐྱོ་སུ་ཡོད་མིའི་སྐོར་ལས་ ཁྱད་པར་ཕྱེ་ནི་དེ་ མ་རུངམ་ཅིག་ཨིན་མི་དེ་ཡང་ རྩེདམོ་དེ་ ཉིནམ་གཅིག་གི་ དབང་རྟ་རླུང་རྟ་དང་འཁྲིལ་ཏེ་ འགྱོ་དོ་ཡོདཔ་ལས་ སྡེ་ཚན་སྐྱོ་སུ་འབད་མི་ཚུ་གིས་ཡང་ མཐའ་བཅད་ནང་ ལྷོདཔ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ ཨམ་སྲུའི་དབྱེ་ཁག་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བའི་ སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ རྒྱལ་ཁ་ཐོབ་ཅི།
ལྟདམོ་བལྟ་བར་ འོང་མི་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ རྒྱལ་གཞུང་འཆམ་དང་ ཟློས་གར་སློབ་སྦྱོང་ལྟེ་བའི་ སྡེ་ཚན་གྱིས་ སྐུགས་༡ ཆོད་ནི་ལུ་ གོ་སྐབས་ཡོད་རུང་ སྡེ་ཚན་དེ་ ཁ་ཙ་ ཉིནམ་༡ ནང་ རྩེད་འགྲན་ཁག་༣ འབད་དགོཔ་བྱུང་མི་ལུ་བརྟེན་ ཕམ་སོ་ཡི་ཟེར་ཨིན་པས།
རྩེད་འགྲན་དེ་ཡང་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ རྒྱལ་ཁབ་ནང་ ལག་རྩེད་བཱོལ་ལི་བཱོལ་དེ་ ཡར་དྲག་གཏང་ནིའི་དོན་ལུ་ བདུན་ཕྲག་༡ གི་རིང་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ ད་ལས་ཕར་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་ ལས་རིམ་ཡོདཔ་ཨིན་པས།
ཕོ་སྐྱེས་སྡེ་ཚན་ནང་ དྲག་ཤོས་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ དང་གཅིག་ཁར་ རྒྱལ་རྟགས་ཚུ་ བྱིན་པའི་ཁར་ ཨང་༢ པ་ལུ་ དངུལ་ཀྲམ་༢༠,༠༠༠ བྱིན་ཡི།
འདི་དང་འདྲཝ་སྦེ་ ཨམ་སྲུ་གི་ དབྱེ་ཁག་ནང་ སྡེ་ཚན་༦ བཅའ་མར་གཏོགས་ཡོདཔ་ད་ ཨང་དང་པ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༨,༠༠༠ བྱིན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *