རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་གི་ ཁྱད་ཚད་ལུ་དོགས་སེལ།

༉ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ སྤྱིར་བཏང་གི་ དབྱེ་ཁག་དང་ ལམ་སྟོན་དང་ བསླབ་བྱའི་སློབ་དཔོན་གྱི་ སྦྱོང་བརྡར་འབད་ནི་ལུ་ བཅའ་མར་གཏོགས་ཆོག་ནི་ཨིན་པས།
ཨིན་རུང་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་འབད་མི་ཚུ་གིས་ སློབ་རིམ་༡༡ པ་དང་༡༢ པའི་ནང་ རྒྱལ་རབས་ཀྱི་ ཆོས་ཚན་ཚུ་ རྒྱས་པར་སྦེ་ སློབ་སྦྱོང་འབད་ནི་མེདཔ་ལས་ ཆོས་ཚན་འདི་ནང་ སློབ་དཔོན་གྱི་དོན་ལུ་ གོ་སྐབས་མེདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་འབད་མི་ སྡེ་ཚན་དང་པ་ མཐར་འཁྱོལ་བའི་ཤུལ་ལས་ ལྷན་ཚོགས་ཀྱིས་ འཕྲུལ་རིག་ཚོགས་ཆུང་ཅིག་ གཞི་བཙུགས་་ཐོག་ལས་ དབྱེ་ཞིབ་འབད་བའི་སྐབས་ ཤེས་རྟོགས་བྱུང་ནུག།
གནད་དོན་དེ་ཡང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ གོམས་འདྲིས་ལས་རིམ་ནང་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་མཐར་འཁྱོལ་མི་ཅིག་གིས་ ཁོང་ཆ་ཁྱབ་ སློབ་དཔོན་སྦྱོང་བརྡར་གྱི་དོན་ལུ་ གདམ་འཐུ་འབད་ནིའི་ གོ་སྐབས་མེདཔ་ལས་ ད་ལས་ཕར་ ལམ་ལུགས་དང་ བསྒྱུར་བཅོས་ཚུ་ ག་དེ་སྦེ་ར་ འབད་དོ་ཡོདཔ་ཨིན་ན་ཟེར་ ལྷན་ཚོགས་ལུ་ དྲི་བ་ཞུ་བའི་སྐབས་ བྱུང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ ཆོས་རྒྱུགས་སྡེ་ཚན་ལས་ མི་སྟོབས་འགོ་དཔོན་གོངམ་ འཇིགས་མེད་ནོར་བུ་གིས་ བཤད་མིའི་ནང་ སྟག་རྩེ་མཐོ་རིམ་སློབ་གྲྭ་ལས་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་འབད་མི་ ཤོ་ཐེངས་དང་པ་ མཐར་འཁྱོལ་བའི་ཤུལ་ལས་ ཚོགས་ཆུང་གིས་ དབྱེ་ཞིབ་འབད་བའི་སྐབས་ འབྲུག་གི་རྒྱལ་རབས་ཚུ་ ཡོངས་རྫོགས་དང་ གཏིང་ཟབ་སྦེ་ སློབ་སྦྱོང་མ་འབད་བའི་ མངོན་གསལ་བྱུང་མི་ལུ་བརྟེན་ སློབ་དཔོན་སློབ་སྦྱོང་འབད་ནི་ལུ་ གོ་སྐབས་བྱིན་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་འབད་མི་ཚུ་གིས་ རྒྱལ་རབས་ཀྱི་ སློབ་དཔོན་གྱི་དོན་ལུ་ ཐོ་བཀོད་འབད་བའི་ཤུལ་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་གིས་ ན་གཞོན་ཚུ་གིས་ རྒྱལ་རབས་ལྷབ་ཡོདཔ་ལས་ ངོས་ལེན་འབད་དགོ་པའི་ ཞུ་བ་ལྷོད་ཅི་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཚོགས་ཆུང་གིས་ སློབ་ཚན་དེ་ བསྐྱར་ཞིབ་འབད་བའི་སྐབས་ སློབ་རིམ་༡༢ པ་ མཐར་མཁྱོལ་མི་ཚུ་གིས་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་ནང་ ཐོ་བཀོད་འབད་བའི་སྐབས་ རྫོང་ཁ་དང་ ཨིང་སྐད་ཀྱི་ སྐུགས་ཚད་མངམ་ལེན་ཡོད་རུང་ རྒྱལ་རབས་ཀྱི་སྐུགས་དེ་ མཐར་འཁྱོལ་གྱི་ སྐུགས་རྐྱངམ་གཅིག་ ལེན་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ འཇིགས་མེད་ནོར་བུ་གིས་ བཤདཔ་ཨིན་པས།
རྫོང་ཁ་དང་ རྒྱལ་རབས་ཀྱི་ སློབ་སྦྱོང་འབད་དགོ་པ་ཅིན་ རྒྱལ་རབས་ཀྱི་ སྐུགས་ཚད་དེ་ དམའ་ཤོས་ར་ བརྒྱ་ཆ་༦༠ དགོ་པའི་ཁར་ སློབ་དཔོན་སྦྱོང་བརྡར་གྱི་ དབྱེ་ཁག་ག་ཅི་ནང་འབད་རུང་ འབྲེལ་ཡོད་མཐོ་རིམ་ཤེས་ཚད་ཀྱི་ རྒྱབ་ཁུངས་དགོཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སློབ་ཚན་དེ་ ཞིབ་དཔྱད་འབད་བའི་སྐབས་ གནད་དོན་གཅིགཔོ་དེ་ འབྲིང་རིམ་སློབ་གྲྭ་ཚུ་ནང་ རྒྱལ་རབས་ཀྱི་ སློབ་དཔོན་གྱི་ དགོས་མཁོ་དགོ་མི་ དུས་རབས་བར་མ་དང་ དེང་སང་འཛམ་གླིང་ ཡང་ཅིན་ རྒྱལ་སྤྱིའི་རྒྱལ་རབས་དང་ མི་དང་འབྲེལ་བའི་ ཤེས་ཡོན་ཚུ་ སློབ་སྦྱོང་འབད་དགོ་རུང་ བུཊ་ནིསི་ ཧི་མ་ལ་ཡཱན་ནང་ སློབ་སྦྱོང་འབད་ནི་མེད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
སློབ་རིམ་༡༠ པ་དང་༡༢ པའི་ རྒྱལ་རབས་ཀྱི་ ཆོས་ཚན་ནང་ བརྒྱ་ཆ་༦༠ དེ་ འཛམ་གླིང་རྒྱལ་རབས་དང་ བརྒྱ་ཆ་༤༠ དེ་ འབྲུག་གི་རྒྱལ་རབས་ཚུ་ཡོདཔ་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ སློབ་དཔོན་སློབ་སྦྱྲོང་འབད་མི་ག་ར་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལས་ འབྲིང་རིམ་སློབ་གྲྭ་ཚུ་ནང་ སློབ་སྟོན་འབད་དགོ་ནི་ཨིནམ་ལས་ ཆོས་ཚན་དང་འབྲེལ་བའི་ རྒྱབ་ཁུངས་དེ་ ངེས་པར་དུ་དགོ་ཟེར་ མི་སྟོབས་འགོ་དཔོན་གོངམ་གིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ མཐོ་རིམ་སློབ་གྲྭ་ནང་ གཙུག་ལག་ཨོ་ནརསི་ (གཞི་མཆོག) གི་ སློབ་སྦྱོང་ཅིག་ཡང་ འགོ་བཙུགས་ཏེ་འབད་རུང་ རྒྱལ་རབས་ཀྱི་ ཆོས་ཚན་གྱི་དོན་ལུ་ ཁྱད་པར་ག་ནི་ཡང་ བཟོ་མི་ཚུགས་ཟེར་ཨིན་པས།
འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་ཨིནམ་ད་ སློབ་ཚན་གྱི་སྐོར་ལས་ ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་མ་འབད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ ཞི་གཡོག་ལྷན་ཚོགས་ཀྱིས་ རྒྱལ་རབས་དེ་ གཏིང་ཟབ་སྦེ་ སློབ་སྦྱོང་འབད་ནི་ མིན་འདུག་ཟེར་མི་དེ་ གཞི་ག་ཅི་ལུ་བརྟེན་ སླབ་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ ལྷན་ཚོགས་ཀྱིས་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་ནང་ སློབ་རིམ་༡༡ པ་དང་༡༢ ལུ་ སློབ་སྟོན་འབད་ཚུགས་པའི་ རྒྱལ་རབས་ཚུ་ ཡོངས་རྫོགས་སྦེ་ སློབ་སྦྱོང་འབད་ནི་མིན་འདུག་ཟེར་མི་ལུ་ ངོས་ལེན་ཡོད་རུང་ འབྲུག་པའི་རྒྱལ་རབས་ཚུ་ རྒྱས་པར་སྦེ་ར་ སློབ་སྦྱོང་བྱིན་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༠༢ ལུ་ སློབ་སྦྱོང་གི་ རྩ་གཞུང་ཚུ་བརྩམས་པའི་སྐབས་ ལས་རིམ་དེ་ རྒྱལ་རབས་སློབ་སྟོན་འབད་ནིའི་དོན་ལུ་ མ་བཟོ་ཟེར་ཨིན་རུང་ སློབ་ཕྲུག་ཚུ་གིས་ རྒྱལ་རབས་ཀྱི་ སློབ་དཔོན་གྱི་དོན་ལུ་ མནོ་བསམ་བཏང་སྡོད་ནུག་ཟེར་ཨིན་པས།
ལུང་བསྟན་རྒྱ་མཚོ་གིས་ བཤད་མིའི་ནང་ ལྷན་ཚོགས་ཀྱིས་ སྤྱིར་བཏང་སློབ་ཚན་གྱི་ སྤུས་ཚད་དེ་ ལེགས་ཤོམ་མེད་མི་དང་ སློབ་རིམ་༡༡ པ་དང་༡༢ པའི་ རྒྱལ་རབས་ཀྱི་སྐོར་ལས་ ཉོགས་བཤད་བཀོད་ཡོདཔ་ཨིན་ན་ དེ་གཉིས་ཀྱི་སྐོར་ལས་ ཤེས་རྟོགས་བྱུང་མ་ཚུགས་པའི་ཁར་ མགུ་འཐོམ་སི་སི་ ཡར་སོང་ཡི་ཟེར་ཨིན་པས།
མ་གཞི་ སློབ་ཚན་ག་ཅི་ར་འབད་རུང་ ལོ་༥ འི་ཤུལ་ལས་མ་གཏོགས་ བསྐྱར་ཞིབ་འབད་ནི་མེད་རུང་ ད་རེས་ བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་དེ་ བསྐྱར་ཞིབ་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
བུཊ་ནིསི་ ཧི་མ་ལ་ཡཱན་སློབ་སྦྱོང་དེ་ ཡུ་ནེས་ཀོ་གི་ མཁས་མཆོག་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ ཁོང་གིས་ སློབ་ཚན་དེ་ སྤྱི་ལོ་༢༠༡༣ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་ སློབ་ཕྲུག་༣༩༩ དེ་ཅིག་གིས་ མཐར་འཁྱོལ་ནུག།
འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ འགོ་དཔོན་ཚུ་གིས་ གཙུག་ལག་སློབ་སྡེའི་ དམིགས་ཡུལ་དེ་ མཐོ་རིམ་མཐར་འཁྱོལ་མི་ཚུ་ལུ་ ཞི་གཡོག་གི་དོན་ལུ་ གྲ་སྒྲིག་འབད་ནི་མེན་པར་ ན་གཞོན་ཚུ་ལུ་ མཐོ་རིམ་ཤེས་ཡོན་ བྱིན་ནི་དེ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༉ གྱེན་ལོག་དམག་རྒོལ་རྒྱུད་བསྐུལ་གྱི་ རྩོད་བཤེར་ནང་ བཙོན་ཁྲིམས་ཕོགས་མི་༤ གི་གྲས་ལས་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་གི་ ངོ་ཚབ་ཀྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *