རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ ཆེ་མཐོའི་འཛིན་སྐྱོང་འགོ་དཔོན་༢ ལཱ་གཡོག་ནང་ལས་ དགོངས་ཕོག་བཏང་ཡོདཔ།

༉ ཁ་ཙ་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཚོགས་ཀྱིས་ གློ་བུར་གྱི་ མདོ་ཆེན་བཀོད་ཚོགས་ཀྱི་ ཞལ་འཛོམས་ཅིག་ འཚོགས་པའི་ཤུལ་ལུ་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ བཀོད་ཁྱབ་མདོ་ཆེན་དེ་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏང་ནུག།
དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་མི་ ནུབ་རི་ཀེ་པི་ཊཱལ་སྒེར་སྡེའི་ནང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ མ་རྩ་འཛུགས་སྤྱོད་འབད་མི་དེ་ཡང་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྣམ་རྒྱལ་ལྷུན་གྲུབ་དང་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་༢ གཡོ་སྒྱུ་དང་ མགུ་མཐུད་རྐྱབ་པའི་ དོགས་པ་ཡོད་མི་ལུ་བརྟེན་ ཆེ་མཐོའི་འཛིན་སྐྱོང་འགོ་དཔོན་༢ དེ་འཕྲོ་ལས་ དགོངས་ཕོག་གཏང་དགོཔ་སྦེ་ སྤྱི་ཟླ་༧ པའི་ཚེས་༦ གི་ཕྱི་རུ་ མདོ་ཆེན་བཀོད་ཚོགས་ཀྱི་ ཁྲི་འཛིན་ལུ་ དགོངས་ཕོག་བཀའ་རྒྱའི་ཡི་གུ་ བཏང་ནི་དེ་གིས་ཨིན་པས།
བཀོད་ཚོགས་ཀྱི་ཁྲི་འཛིན་ སྟོབས་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱི་ དགོངས་ཕོག་བཀའ་རྒྱ་ཐོབ་པའི་ཤུལ་ལུ་ དེ་འཕྲོ་ལས་ མདོ་ཆེན་བཀོད་ཚོགས་ཀྱི་ གློ་བུར་ཞལ་འཛོམས་འཚོགས་ཐོག་ལས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ བཀོད་ཁྱབ་མདོ་ཆེན་དེ་ ཁ་ཙ་ལས་ དགོངས་ཕོག་བཏང་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཀའ་རྒྱ་ལུ་ མ་གནས་པར་ ཐབས་མེད་བྱུང་ཡི་ཟེར་ ཁྲི་འཛིན་སྟོབས་རྒྱལ་རྡོ་རྗེ་གིས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ ལས་འཛིན་གྱི་ འཛིན་སྐྱོང་གནས་རིམ་མཐོ་ཤོས་ཀྱི་ འགོ་དཔོན་༢ དགོངས་ཕོག་བཏང་སྟེ་ཡོད་རུང་ དུས་རྒྱུན་གྱི་ལཱ་དང་ ཚོང་མགྲོན་པའི་ ཞབས་ཏོག་ཞུ་ནི་ཚུ་ལུ་ ཐོ་མི་ཕོག་ཟེར་ཨིན་པས།
དེ་གི་དོན་ལུ་ མདོ་ཆེན་བཀོད་ཚོགས་ཀྱིས་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་དང་ བཀོད་ཁྱབ་འགོ་དཔོན་ཚུ་དང་ བསྟུན་གྲོས་འབད་ཞིནམ་ལས་ ད་ལྟོ་གནས་སྐབས་ཅིག་ ལས་འཛིན་དེ་ ག་གིས་ འཛིན་སྐྱོང་འཐབ་ནི་ཨིན་ན་ ཐག་བཅད་འོང་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ ལས་མགྲོན་པ་དང་ དུས་རྒྱུན་དུ་ འབྲེལ་བ་འཐབ་མི་ཚུ་ ཐུགས་ཚ་གྱང་བཞེས་མི་དགོ་ཟེར་ སྟོབས་རྒྱལ་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁ་ཙ་ ལྷན་ཚོགས་ཀྱིས་ དགོངས་ཕོག་བཀའ་རྒྱ་བཏོན་མིའི་ནང་ ནུབ་རི་ཀེ་པི་ཊཱལ་སྒེར་སྡེའི་ནང་ མ་རྩ འཛུགས་སྤྱོད་འབད་བའི་ གནད་དོན་ནང་ མགུ་མཐུད་རྐྱབ་ཡོད་པའི་ དོགས་པ་ཡོད་མི་ ཆེ་མཐོའི་འཛིན་སྐྱོང་འགོ་དཔོན་༢ ཀྱིས་ སྒྲུབ་བྱེད་ ཡང་ཅིན་ དཔང་པོ་ཡོད་མི་ཚུ་ལུ་ རྒྱུད་བསྐུལ་དང་ ཡང་ཅིན་ སྐྱོན་ཞུགས་འབད་ནི་གི་ འོས་འབབ་སྦོམ་ཡོདཔ་བཞིན་དུ་ དེ་གིས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་མི་ལུ་ བར་ཆད་རྐྱབ་ཉེན་ཡོད་མི་ལུ་བརྟེན་ཨིན་ཟེར་བཀོད་ནུག།
དགོངས་ཕོག་བཀའ་རྒྱ་དེ་ ལྷན་ཚོགས་ཀྱིས་ ཆ་མེད་མ་བཏང་ཚུན་ཚོད་ བཀའ་རྒྱ་དེ་ལུ་ གནས་དགོ་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་གྱིས་ ཕྱག་རྟགས་བཀོད་མི་ བཀའ་རྒྱའི་ཡི་གུ་ནང་བཀོད་ནུག།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ མ་རྩ་འཛུགས་སྤྱོད་ནང་ གནས་སྐབས་བཏོན་མི་དང་ འབྲེལ་གཏོགས་འབད་མི་ གཙོ་ཅན་དེ་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་ཨིན་པའི་ ཁ་ཉེས་ཡོད་རུང་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་མ་འབད་མིའི་ནང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྣམ་རྒྱལ་ལྷུན་གྲུབ་ཀྱིས་ བཀོད་ཁྱབ་མདོ་ཆེན་ལུ་ རྒྱབ་སྲུང་འབད་དེ་ ཞིབ་དཔྱོདཔ་ཚུ་ལུ་ མཉམ་འབྲེལ་འབད་མི་ལུ་བརྟེན་ དགོངས་ཕོག་བཏང་ཡོདཔ་ འོང་ནི་མས་ཟེར་ཨིན་པས།
གཡོ་སྒྱུ་དང་ མགུ་མཐུད་འབད་བའི་དོགས་སྣང་།
སྒེར་སྡེ་གིས་ རྒྱལ་ཁབ་ནང་ མ་དངུལ་འཛིན་སྐྱོང་ཚོང་སྡེ་དང་པ་ གཞི་བཙུགས་འབད་མི་ ནུབ་རི་ཀེ་པི་ཊཱལ་ལས་སྡེ་ནང་ མ་རྩ་འཛུགས་སྤྱོད་འབད་མི་ འགོ་དཔོན་ཅིག་དང་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ ཚུལ་དང་མ་མཐུནམ་སྦེ་ མ་དངུལ་བཙུགས་པའི་སྐོར་ སྤྱི་ལོ་༢༠༡༥ ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་སྙན་ཞུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་མ་ཚད་ མིང་གསལ་སྟོན་མ་འབད་བར་ ཡིག་ཐོག་ལུ་ གསང་བའི་ཉོགས་བཤད་བཀོད་མི་ལུ་ གཞི་བཞག་སྟེ་ ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ནུག།
ཉོགས་བཤད་ཡི་གུའི་ནང་ ཉེན་བཅོལ་ལས་འཛིན་གྱི་ འཛིན་སྐྱོང་འཐུས་ཤོར་དང་ དབང་ཚད་ལོག་སྤྱོད་ མཐུན་འགྱུར་ལ་སོགས་པའི་སྐོར་ ཁ་ཉེས་བཀལ་ཡོདཔ་མ་ཚད་ ཉེན་བཅོལ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༥ ལུ་ ནུབ་རི་ཀེ་པི་ཊཱལ་ནང་ ལོ་བསྟར་དངུལ་སྐྱེད་བརྒྱ་ཆ་༩.༢༥ ཐོག་ལུ་ དངུལ་ཀྲམ་ས་ཡ་༡༠༠ བཙུགས་ཡོདཔ་མ་ཚད་ ཉིན་གྲངས་༤ གི་རྒྱབ་ལས་ ལས་འཛིན་དེ་གིས་ ནུབ་རི་ལས་ དངུལ་ཀྲམ་ས་ཡ་༡༠༨ ལོ་བསྟར་སྐྱེད་ཚད་ བརྒྱ་ཆ་༡༡.༧༥ ཐོག་ལུ་ བསྐྱིན་འགྲུལ་ལེན་ནུག་ཟེར་བཀོད་ནུག།
དེ་མ་ཚད་ ནུབ་རི་ལས་སྡེ་གིས་ འབྲུག་ཉེན་བཅོལ་ལས་འཛིན་ནང་ སྐྱེད་ཀྱི་ཚད་གཞི་ མཐོ་ཤོས་ར་ བརྒྱ་ཆ་༡༢.༢༥ སྦེ་ སྐྱེད་ཀྱི་ཚད་གཞི་ཁག་སོ་སོའི་ཐོག་ལས་ མ་རྩ་མང་རབས་ཅིག་ བཙུགས་ཡོདཔ་མ་ཚད་ ལས་སྡེ་དེ་གཉིས་ཀྱི་བར་ན་ མ་དངུལ་བརྙ་བསྐྱི་འབད་བའི་ དུས་ཡུན་ཚུ་ཡང་ གཏན་འཁེལ་བཟོ་བཟོཝ་ ག་ནི་ཡང་མེད་པའི་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཉེན་བཅོལ་ལས་འཛིན་གྱིས་ ནུབ་རི་ལུ་ མ་རྩ་བཙུགས་པའི་ཤུལ་ལས་ སྐྱེད་ཚད་མཐོ་དྲགས་སྦེ་ བསྐྱིན་འགྲུལ་ལོག་ལེནམ་ད་ སྐྱེད་ཀྱི་འབབ་ཁུངས་ཆ་ཤས་ཅིག་ ཁ་ཉེས་ཕོག་མི་ བསོད་ནམས་རྡོ་རྗེའི་ ཀཱཌ་གི་བསྐྱིན་འགྲུལ་རྩིས་ཁྲ་ནང་བཙུགས་ནུག་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ནུབ་རི་ཀེ་པི་ཊཱལ་ལུ་ ཞིབ་དཔྱད་རྐྱབ་མི་དེ་ ཧ་ལམ་ མཇུག་བསྡུ་རན་ཁར་ ལྷོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༉ གྱེན་ལོག་དམག་རྒོལ་རྒྱུད་བསྐུལ་གྱི་ རྩོད་བཤེར་ནང་ བཙོན་ཁྲིམས་ཕོགས་མི་༤ གི་གྲས་ལས་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་གི་ ངོ་ཚབ་ཀྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *