རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཚད་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ལོ་ཐོག་ཉེན་བཅོལ་གུ་ ལཱ་འབད་བའི་བསྒང་ཡོདཔ།

༉ སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ལོ་ཐོག་ཉེན་བཅོལ་གྱི་ཐད་ཁར་ ལྷན་ཁག་དང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཚད་ཀྱིས་ ལཱ་འབད་དེ་ ཉེན་བཅོལ་སྤྲོད་ནིའི་ འགན་ལེན་གུ་ ལྷོད་དེ་ཡོད་ཟེར་ཨིན་པས།

དེ་ཡང་ སོ་ནམ་པ་ཚུ་གིས་ ཆ་ཤས་ཅིག་སྤྲོད་ནི་དང་ གཞུང་གིས་བརྒྱ་ཆ་༧༠ དེ་ཅིག་ སྤྲོད་ནི་སྦེ་ཡོད་ཟེར་ ཁ་ཙ་ ཡོངས་འབྲེལ་ཐོག་ལས་ བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུད་ཀྱི་ ཟླ་རིམ་ཞལ་འཛོམས་འཚོགས་པའི་སྐབས་ བཤད་ཡོདཔ་ཨིན་པས།

ས་ཞིང་ཉུང་སུ་འཆང་མི་ སོ་ནམ་པ་ཚུ་ བརྟན་རྩ་མ་དངུལ་དང་ རྒྱ་ཆེ་དྲགས་དང་ ཚོང་འབྲེལ་གྱི་དོན་ལུ་ ལཱ་འབད་མི་ཚུ་ལུ་ ཉེན་བཅོལ་ལམ་ལུགས་ བཟོ་སྟེ་ཡོད་ཟེར་ཨིན་པས།

སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ སླབ་མིའི་ནང་ གཞུང་གིས་ ཐག་མ་བཅད་པའི་ཧེ་མར་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ འབྲུག་ཉེན་བཅོལ་ལས་འཛིན་གཉིས་ཀྱིས་ སོ་ནམ་པ་ཚུ་དང་གྲོས་བསྟུན་འབད་འོང་ཟེར་ཨིནམ་ད་ ད་ལྟོ་ གྲོས་བསྟུན་གྱི་གནས་ཚད་ནང་ལྷོད་དེ་ཡོད་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ཉེན་བཅོལ་དེ་ སྤྱི་ལོ་༢༠༡༩ ལུ་ གཞི་བཙུགས་འབད་ཡོད་རུང་ མ་དངུལ་ལངམ་སྦེ་མེད་ནི་དེ་གིས་ ནུས་ཤུགས་དང་ ཡུན་བརྟན་སྦེ་ གནས་མ་ཚུགས་པས་ཟེར་ཨིན་པས།

ལས་རིམ་དེ་ ཡུན་བརྟན་གནས་ཐབས་ལུ་ གཞུང་གིས་ སྤྱི་ལོ་༢༠༡༩ ལུ་ དངུལ་ཀྲམ་ས་ཡ་༦༧ དེ་ཅིག་ ལོ་ཐོག་མེདཔ་བཏང་མི་ཚུ་གི་དོན་ལུ་ བརྟན་རྩ་མ་དངུལ་སྦེ་བཙུགས་ཡོདཔ་ད་ མཐལ་འཁྱོལ་ཅན་སྦེ་ འབྱུང་མ་ཚུགས་པས་ཟེར་ཨིན་པས།

ལོ་ཐོག་གི་ ཉེན་བཅོལ་བྱིན་ནི་སྦེ་ གཞུང་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་ཤུལ་ལུ་ འདས་པའི་སྤྱི་ཚོགས་འཚོགས་པའི་སྐབས་ རྒྱལ་ཡོངས་ཚོགས་སྡེ་གིས་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ལུ་ རི་དྭགས་སེམས་ཅན་གྱིས་ གནོད་པ་རྐྱབ་མིའི་གུ་ བསྟན་རྩ་མ་དངུལ་བཙུགས་དགོ་པའི་ རྒྱབ་སྣོན་ཕུལ་ནི་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།

རི་དྭགས་སེམས་ཅན་ཚུ་ལས་ ཉེན་སྲུང་འབད་ཐབས་ལུ་ ཐབས་ལམ་ལེ་ཤ་བཏོན་རུང་ དཀའ་ངལ་དེ་ འཕྲོད་མཐུད་དེ་ར་ བྱུང་བཞིན་དུ་ཡོདཔ་ཨིན་པས།

ཤིང་བཟོ་དང་ བཟོ་གྲྭ་ཁང་འབྲེལ་མཐུན།

དེ་མ་ཚད་ བརྡ་བརྒྱུད་དང་ ཞལ་འཛོམས་འཚོགས་པའི་སྐབས་ ཤིང་བཟོ་དང་ བཟོ་གྲྭ་ཁང་ འབྲེལ་མཐུན་བཟོ་དགོ་པའི་སྐོར་ལས་ བཤད་ཡོདཔ་ད་ བློན་པོ་གིས་འབད་བ་ཅིན་ རང་བཞིན་གྱི་རྒྱུ་ཆས་ཤིང་ཚུ་ ཐད་ཀར་དུ་ ཕྱི་ཚོང་འཐབ་ནི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཐག་མ་བཅད་པར་ཡོད་མི་དེ་ཡང་ ཤིང་ཆས་ཆུད་ཟད་འགྱོ་ནི་ལས་ མར་ཕབ་འབད་ཐབས་ལུ་ཨིན་ཟེར་ བཤད་ཅི།

དེ་ཡང་ ཟླ་རིམ་གྱི་ བརྡ་བརྒྱུད་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ ཞལ་འཛོམས་འཚོགས་པའི་སྐབས་ བཤད་ཡོདཔ་ད་ ཤིང་བཟོ་དང་བཟོ་གྲྭ་ཁང་ཚུ་གིས་ སྤུས་ཚད་ཡར་དྲག་གཏང་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།

བློན་པོ་གིས་ བཤད་མིའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀོད་རྒྱ་དང་འཁྲིལ་ ལྷན་ཁག་གིས་ འབྲུག་པའི་ཤིང་བཟོ་དང་བཟོ་གྲྭ་ལས་སྡེ་ཚུ་ལུ་ སྤྱི་ལོ་༢༠༢༢ ཟླ་༦ པའི་ནང་འཁོད་ ཁོང་རང་གིས་སྦེ་ འབྲེལ་མཐུན་བཟོ་དགོ་པའི་སྐོར་ལས་ གསལ་བསྒྲགས་ འབད་དེ་ཡོད་ཟེར་ཨིན་པས།

བློན་པ་གིས་ ཤིང་བཟོ་དང་བཟོ་གྲྭ་ཁང་ལས་སྡེ་ཚུ་གིས་ རྒྱལ་ཡོངས་སི་ཨེསི་གོང་འཕེལ་དངུལ་ཁང་དང་ གཞུང་གིས་ གཞི་བཙུགས་འབད་མི་ རྒྱལ་ཡོངས་སྐྱིན་འགྲུལ་འགན་ལེན་ཐབས་ལམ་ ལག་ལེན་འཐབ་སྟེ་ དངུལ་གྱི་རྒྱབ་སྐྱོར་ལེན་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།

གཞུང་གིས་ ཤིང་གི་ཐོན་སྐྱེད་རྐྱངམ་གཅིག་ ཕྱིར་ཚོང་འཐབ་ནི་མ་གཏོགས་ ཤིང་ཚུ་ ཐད་ཀར་དུ་ ཕྱིར་ཚོང་འཐབ་ནི་ལས་ བཀག་བཞག་མི་དེ་ དེ་སྦེ་ར་བཞག་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ བློན་པོ་གིས་བཤད་པའི་ཁར་ གནད་དོན་དེ་ཡང་ ནང་འཁོད་ལག་ལེན་འཐབ་ནི་དང་ ཕྱིར་ཚོང་གི་དོན་ལུ་ ཕན་ཐོགས་ཡོདཔ་ལས་ ཤིང་དང་བཟོ་གྲྭ་ཁང་ཚུ་ འབྲེལ་མཐུན་བཟོ་ནི་དེ་ ཁག་ཆེ་བས་ཟེར་ཨིན་པས།

ཤིང་དང་བཟོ་གྲྭ་ཁང་ འབྲེལ་མཐུན་བཟོ་དགོ་མི་དེ་ཡང་ ཤིང་ཚུ་ འཕྲོ་བརླག་འགྱོ་ནི་ལས་ མར་ཕབ་འབད་ཐབས་དང་ ཕྱིར་ཚོང་ཅ་ཆས་ཚུ་ལུ་ ཕན་ཐབས་དང་ ནང་འཁོད་ལག་ལེན་འཐབ་ནིའི་དོན་ལུ་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

ཤིང་དང་བཟོ་གྲྭ་ཁང་ འབྲེལ་མཐུན་བཟོ་ནི་དེ་ ལྷན་ཁག་གི་ ཚ་གྱང་ཅིག་ཨིནམ་ད་ སྒེར་སྡེའི་ ཤིང་བཟོ་དང་བཟོ་གྲྭ་ཁང་ཚུ་གིས་ དངུལ་ཁང་ཚུ་ལས་ དངུལ་དང་འབྲེལ་བའི་ ཞབས་ཏོག་ཚུ་ལེན་ཐོག་ལས་ འབྲེལ་མཐུན་བཟོ་ནིའི་ གོ་སྐབས་ཡོད་ཟེར་ བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *