རྒྱལ་ཁམས་ཀྱི་ གཏེར་དངོས་ཚུ་ག་ར་ ཁྲིམས་མཐུན་ཐོག་ལས་ ལག་ལེན་འཐབ་དགོཔ།

༉ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་འཁྲིལཝ་ད་ འབྲུག་གི་གཏེར་དངོས་ཚུ་ག་ར་ རྒྱལ་ཁབ་ཀྱི་ རྒྱུ་ནོར་ཅིག་ཨིནམ་བཞིན་དུ་ གློག་ཤུགས་ཀྱི་ ཐོན་སྐྱེད་འབད་དོ་ཟེར་ཨིན་པས།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ལོ་བསྟར་གནས་ཚུལ་ཞལ་འཛོམས་ནང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དྲགོས་ཀརྨ་འོད་ཟེར་རལ་གྲི་གིས་ སླབ་མིའི་ནང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལཝ་ད་ གཏེར་དངོས་དང་ གཙང་ཆུ་ མཚོ་ དེ་ལས་ ནགས་ཚལ་ཚུ་ རྒྱལ་ཁབ་ཀྱི་རྒྱུ་དངོས་ཨིནམ་ལས་ ཁྲིམས་མཐུན་ལག་ལེན་འཐབ་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ གློག་ཤུགས་ལུ་བརྟེན་ མི་སེར་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ བྱུང་དོ་བཟུམ་སྦེ་ རྒྱུ་དངོས་ཚུ་གིས་ཡང་ རྒྱལ་ཁབ་ལུ་ ཕན་ཐོགས་འབྱུང་ཚུགས་ཨིན་རུང་ ད་རེས་ནངས་པར་ རྒྱུ་དངོས་ཚུ་ མི་རེ་གཉིས་ཀྱིས་ སྤྱོད་ནི་དེ་གིས་ མི་སྡེ་ནང་ འོང་འབབ་འདྲ་མཉམ་མེད་པའི་ཁར་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལུ་ཡང་ གནས་མི་ཚུགས་པས་ཟེར་ཨིན་པས།
དྲགོས་ཀྱིས་ སླབ་མིའི་ནང་ ས་གཏེར་དེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནིའི་ རྒྱུ་ངོ་མ་ཅིག་ཨིནམ་ལས་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ ས་གཏེར་གྱི་ ཐབས་བྱུས་རྐྱངམ་གཅིག་མེན་པར་ ལས་སྣ་གཞན་ཚུ་ཡང་འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
རྒྱལ་ཁམས་ས་གཏེར་ལས་འཛིན་གྱི བཀོད་ཁྱབ་གཙོ་འཛིན་ སྐལ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ ཁེ་སང་བཟོ་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་བའི་ཁར་ མ་འོངས་པ་ལུ་ ལས་འཛིན་དེ་ ཡུན་བརྟན་གནས་ནི་ལུ་ སླབ་མི་ཤེས་པས་ཟེར་ཨིནམ་ད་ ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ས་གཏེར་གོང་འཕེལ་སྲིད་བྱུས་ ཆ་འཇོག་གྲུབ་མི་དེ་གིས་ དྭངས་སེལ་འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
མ་གཞི་ ལས་འཛིན་གྱི་ འགན་དབང་གཅིག་ གཏེར་དངོས་ཐབས་བྱུས་ཚུ་ འཚོལ་ཞིབ་འབད་ནི་ཨིན་རུང་ སྲིད་བྱུས་ཅིག་མེདཔ་ལས་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
དྲགོས་ཀརྨ་འོད་ཟེར་རལ་གྲི་གིས་ སླབ་མིའི་ནང་ རྒྱལ་ཁམས་ས་གཏེར་ལས་འཛིན་ལུ་ ད་ལྟོ་ རྡོ་དཀར་བཏོན་ནི་ལུ་ ཆོག་ཐམ་མེད་ཟེར་ཨིན་རུང་ སྒེར་སྡེ་ཚུ་གིས་ བཏོན་ཆོགཔ་སྦེ་ཡོདཔ་ལས་ ག་ཅི་སྦེ་ ལས་འཛིན་གྱིས་ འབད་མ་ཆོགཔ་ཨིན་ན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐལ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ གལ་སྲིད་ ལཱ་འབད་ནིའི་དབང་ཚད་ག་ར་ གཞུང་ལུ་བཞག་པ་ཅིན་ ལས་སྣ་ཚུ་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་མི་ཚུགས་ཟེར་ཨིནམ་ད་ ཨིན་རུང་ ས་གཏེར་གྱི་ གནད་དོན་ཐོག་ལུ་ གྲོས་བསྡུར་འབད་བའི་སྐབས་ རྩ་ཁྲིམས་ཆེན་མོ་དང་ གཞུང་གི་དམིགས་དོན་འབད་རུང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་གནད་དོན་མེད་པ་ཅིན་ གཅིག་དབང་བཟུང་ནི་དེ་ གོང་འཕེལ་གཏང་ནི་ མེདཔ་ཨིན་པས།
སྤྱི་ལོ་༢༠༡༦ ནང་ ལས་འཛིན་གྱིས་ གྱོང་རྒུད་དངུལ་ཀྲམ་ས་ཡ་༣.༩ ཕོག་མི་དེ་ཡང་ འོང་འབབ་བཟོ་དེ་ལས་ ཟད་འགྲོ་མངམ་ བཏང་མི་ལུ་བརྟེན་ཨིན་པས།
ལས་འཛིན་གྱིས་ ད་ལྟོ་ བསམ་གྲུབ་ལྗོངས་མཁར་ ལྷཔ་རང་ལས་ གདུང་བསམ་རྩི་ས་ལས་འཛིན་ལུ་ རྡོ་སོལ་བཀྲམ་སྤེལ་འབད་དོ་ཡོདཔ་ད་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ལུ་ རྡོ་རུག་དང་ བྱེམ་བཀྲམ་སྤེལ་འབད་ནི་ལུ་ རྡོ་འཕྲུལ་ཅིག་ཡང་ གཞི་བཙུགས་འབད་དེ་ ཡོདཔ་ཨིན་པས།
མ་གཞི་ ལས་འཛིན་གྱི་ སྐམ་སྦྱིས་ལུ་ རྡོ་གཏེར་བཏོན་ནིའི་ གནང་བ་ཐོབ་ཡོདཔ་བཞིན་དུ་ བང་ལ་དེཤ་ལུ་ རྡོ་ཕྱིར་ཚོང་འབད་ནིའི་ འཆར་གཞི་ཡོད་རུང་ མི་སྡེ་ཚུ་གིས་ ས་ཁོངས་དེ་ གནས་ཨིནམ་སྦེ་ སླབ་མི་ལུ་བརྟེན་ གྲོས་འཆར་དེ་ ཆ་མེད་གཏང་དགོཔ་ ཐོན་ཡོདཔ་ཨིན་པས།
རྡོ་གཏེར་གྱི་ ཚོང་འབྲེལ་འཐབ་པའི་སྐབས་ ཟད་འགྲོ་བརྒྱ་ཆ་༣༠ ལས་༤༠ དེ་ཅིག་ སྐྱེལ་འདྲེན་ནང་ བཏང་དོ་ཡོདཔ་མ་ཚད་ འཁོར་ལམ་གྱི་གནས་སྟངས་དང་ ཟམ་གྱི་ལྗིད་ཚད་ དམའ་སུ་ཡོད་མི་ལུ་བརྟེན་ ཧེང་སྐལ་ར་ སྐྱལ་འདྲེན་གྱི་ ཟད་འགྲོ་མངམ་སྦེ་ འགྱོ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན༌རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *