༉ རྒྱལ་ཁབ་ཕྱི་ནང་གཉིས་ཆ་རའི་ནང་ དམ་ཚིག་ལུ་ བསྲེ་ལྷད་མེད་པར་ མི་ལོ་༤༢ ཀྱི་རིང་ བསྟན་པའི་ཞབས་ཏོག་ལུ་ གཙོ་བོར་བཏོན་ཏེ་ ཕྱག་ཞུ་མི་ སློབ་དཔོན་བསོད་ནམས་ཆོས་འཕེལ་དེ་ སྐྱེས་ལོ་༩༡ ཐོག་ རང་ཟླ་༩ པའི་ཚེས་༡༢ རེས་གཟའ་ཟླ་བའི་ནུབ་མོའི་ ཆུ་ཚོད་༡༡ ལུ་ ཐིམ་ཕུག་ལྷུང་མཚོ་དགོན་པ་ལུ་ གྱོངས་སོ་ནུག།
སློབ་དཔོན་བསོད་ནམས་ཆོས་འཕེལ་དེ་ རྟོགས་ལྡན་ཤཱཀྱ་ཤྲཱིའི་ཞལ་སློབ་ གྲུབ་དབང་བླ་མ་མཚན་སྙན་ཡོངས་སུ་གྲགས་པ་ བསོད་ནམས་བཟང་པོའི་ ཞལ་སློབ་ཁྱད་འཕགས་ཅིག་ཨིན་པས།
ཕའི་རིགས་ལས་ འབྲུག་ཀུར་སྨད་རྒྱ་རས་ཞལ་ངོའི་བརྒྱུད་པ་ ཕ་སངས་རྒྱས་རྡོ་རྗེ་དང་ མ་མཁར་ཆུང་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ལུ་ གནམ་ལོ་ས་ཕོ་འབྲུག་ལོའམ་ སྤྱི་ལོ་༡༩༢༨ ལུ་སྐྱེས་ཏེ་ ལོ་ན་ཆུང་ཀུ་བསྒང་ལས་ ཡུལ་སྟོད་བྱ་བྲག་ཅན་དགོན་པར་ ཨ་ཞང་སློབ་དཔོན་ཀུན་བཟང་རྡོ་རྗེ་གིས་སྦེ་ ཆོས་སྒོར་ནང་ཞུགས་བཅུག་ནུག།
དེ་ལས་ སྐྱེས་ལོ་༡༤ ལངམ་ད་ སློབ་དཔོན་བསོད་ནམས་ཆོས་འཕེལ་གྱིས་ ཀུར་སྟོད་དུང་དཀར་གསེར་གཞོང་ལུ་ བླམ་བསོད་ནམས་བཟང་པོའི་ཞབས་སར་ ལུས་ངག་ཡིད་གསུམ་ཕུལ་ཏེ་ བཅར་ཞིནམ་ལས་ སྔོན་འགྲོ་ལས་འགོ་བཟུང་ ན་རོ་ཆོས་དྲུག་བསྐོར་ཁྲིད་ཁ་ཡོངས་རྗོགས་ རྩ་རི་སྐྱིད་ཕུག་ཏུ་མཐར་ཕྱིནམ་སྦེ་ཞུ་ནུག།
དེ་ལས་ མཚམས་སྒྲུབ་སོགས་ སྦས་ཡུལ་མཁན་པ་ལྗོངས་སུ་ རིམ་པར་རྫོགས་ཏེ་ ཕྱག་རྒྱ་ཆེན་པོར་སྒོམ་རྟོགས་ཚུལ་ལྡན་དུ་གྱུར་ཞིང་ ནང་དོན་སེམས་ངོའི་རིམ་པ་རྫོགས། རྩ་བའི་བླ་མ་དང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ སྐུ་མདུན་ལུ་ སྒོམ་རིམ་གྱི་རྒྱུགས་ཕུལ། ལྷ་སར་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཞབས་ལས་ ཉམས་ལེན་ནམ་མཁའ་གསུང་སྒྲིགས་ཀྱི་སྐོར་དང་ དབང་ལུང་ལེ་ཤ་ ཞུ་ཡོདཔ་ཨིན་པས།
སློབ་དཔོན་བསོད་ནམས་ཆོས་འཕེལ་གྱིས་ བཟོ་རིག་ལས་ འཇིམ་བཟོ་དང་ གསེར་གྱི་ལག་ལེན་ མཆོད་རྟེན་ཐིག་ཚད་སོགས་ལེགས་པར་སྦྱངས་ཏེ་ མཐོང་བ་རྒྱུད་པའི་ལག་ལེན་ མི་ཚེའི་རིང་འཐབ་བཞིན་ རྒྱ་བོད་འབྲུག་དང་ ཕྱི་གླིང་པའི་ རྒྱལ་ཁབ་ཚུ་ནང་ བདེ་བར་གཤེགས་པའི་ མཆོད་རྟེན་བརྒྱ་ལྷག་བཞེངས་གནང་ནུག།
དེ་མ་ཚད་ དགོངས་པ་རྫོགས་མི་ སློབ་དཔོན་གྱིས་ འབྲུག་དང་ བོད་ཁམས་ རྒྱ་གར་རྡོ་རྗེ་གླིང་ བལ་པོ་ འབྲས་ལྗོངས་ལ་སོགས་པ་ཚུ་ནང་ བྲལ་བ་མེད་པར་ ཕྱག་ཞུ་སྟེ་ རྩ་བའི་བླམ་མཆོག་ སྐུ་ཚེ་སྨད་ཀྱི་ཆར་ ལྷུང་མཚོ་དགོན་པ་དང་ རྡོ་རང་འཐག་ལུ་ བཞུགས་པའི་ཤུལ་ལས་ ཐིམ་ཕུག་གཟི་ལི་ཁ་ལུ་ དགོངས་པ་མ་རྫོགས་རིང་ དམ་ཚིག་ལུ་ བསྲེ་ལྷད་མེད་པར་ མི་ལོ་༤༢ ཀྱི་རིང་ ཕྱག་ཞུ་ནུག།
ཐུགས་དམ་ལུ་ བརྩོན་བཞུགས་མི་ སློབ་དཔོན་བསོད་ནམས་ཆོས་འཕེལ་མཆོག་ དགོངས་པ་རྫོགས་མི་དེ་ལུ་ ང་བཅས་ལུ་ སེམས་ཕམ་སྦོམ་བྱུང་ཡོད་རུང་ རྒྱལ་ཁལ་ལུ་ བསྟན་པའི་ཞབས་ཏོག་ཡུན་རིང་ཞུ་སྟེ་ སྐུ་ཚེ་མཐར་ཕྱིན་པའི་ དཔེ་བཟང་པོ་སྟོན་མི་དེ་ལུ་ རྗེས་སུ་ཡིད་རངས་དང་བཅས་ དྲན་ཡོད་ཟེར་ ཞུ་ནི་ཨིན།
བྲིས་མི་ བླམ་སྐལ་བཟང་ཆོས་འཕེལ།