རྒྱལ་ཁབ་ནང་ ཨེ་ཤི་ཡཱན་སྤྱི་ཚོགས་ཀྱི་ ཚོགས་འདུའི་ཚོགས་ཆུང་གི་ཞལ་འཛོམས་ འགོ་འདྲེན་འཐབ་ནི།

༉ འབྲུག་རྒྱལ་ཁབ་ནང་ འགོ་དང་པ་ འགོ་འདྲེན་འཐབ་ནི་ཨིན་མི་ ཨེ་ཤི་ཡཱན་སྤྱི་ཚོགས་ཀྱི་ ཚོགས་འདུའི་འཐུས་མི་ཚུ་གི་ ཞལ་འཛོམས་དེ་ སྤྱི་ཟླ་༨ པའི་ཚེས་༣༡ ལས་ སྤྱི་ཟླ་༩ པའི་ཚེས་༢ ཚུན་ རྒྱལ་ས་ལྟེ་བ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།
ད་རེས་ཀྱི་ ཞལ་འཛོམས་ནང་ འཐུས་མི་རྒྱལ་ཁབ་ཚུ་ལས་ སྤྱི་ཚོགས་ཀྱི་འཐུས་མི་༢༠ དེ་ཅིག་གིས་ བཅའ་མར་གཏོགས་ནི་ཨིནམ་ད་ དེ་ནང་ འབྲུག་པའི་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ཡང་ བཅའ་མར་གཏོགས་ནི་ཨིན་པས།
འབྲུག་གི་ སྤྱི་ལོ་༢༠༡༣ ལས་འགོ་བཟུང་ ཨེ་ཤི་ཡཱན་སྤྱི་ཚོགས་ཀྱི་ ཚོགས་འདུའི་ཞལ་འཛོམས་ནང་ བཅའ་མར་གཏོགས་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཞལ་འཛོམས་སྣ་ཚོགས་ནང་ འབྲུག་པའི་འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ སྤྱི་ལོ་༡༩༩༩ ལུ་ ཨ་ཤི་ཡཱན་དགའ་སྐྱིད་སྤྱི་ཚོགས་ཟེར་ འགོ་བཙུགས་མི་དེ་ སྤྱི་ལོ་༢༠༠༦ ལུ་ ཨེ་ཤི་ཡཱན་རྒྱལ་ཁབ་ནང་འཁོད་ཀྱི་ སྤྱི་ཚོགས་ཀྱི་བར་ན་ མཉམ་འབྲེལ་བཞག་ཐབས་ལུ་ ད་རེས་ཀྱི་ ཞལ་འཛོམས་ནང་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
ད་རེས་ ཨེ་ཤི་ཡཱན་སྤྱི་ཚོགས་ཀྱི་ ཚོགས་འདུ་ནང་ འཐུས་མི་༤༢ དང་ ལྟ་རྟོག་འབད་མི་༡༦ དེ་ཅིག་ཡོདཔ་ད་ དེ་ནང་ སྲིད་དོན་དང་བདེ་སྐྱིད་ ཉེན་སྲུང་ དེ་ལས་ མི་སྡེ་དང་ལམ་སྲོལ་ ཡུན་བརྟན་གོང་འཕེལ་ལ་སོགས་པའི་ ཚོགས་ཆུང་༥ ཡོདཔ་ཨིན་པས།
ཚོགས་དཔོན་འཇིགས་མེད་བཟང་པོ་དེ་ ད་ལྟོ་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གི་ ཁྲི་འཛིན་ཨིནམ་ད་ དུས་ཅི་གི་ ཞལ་འཛོམས་ནང་ གནད་དོན་ཁག་༩ ལུ་ གྲོས་བསྟུན་འབད་ནི་ཨིན་པས།
དོན་ཚན་ཚུ་ཡང་ ཨེ་ཤི་ཡ་ལུང་ཕྱོགས་ནང་ ལམ་སྲོལ་དང་ལམ་སྲོལ་དང་འབྲེལ་བའི་ སྲོལ་ཁྱུན་ཚུ་ རྒྱུན་སྐྱོང་འཐབ་ནི་དང་ འདྲ་མཉམ་གྱི་གསོ་བའི་མཐུན་རྐྱེན་བཟོ་ནི་ དེ་ལས་ ཨེ་ཤི་ཡཱན་སྤྱི་ཚོགས་ཀྱིས་ ལུང་ཕྱོགས་ནང་ ངན་ལྷད་གདོང་ལེན་འབད་ནི་ཚུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཐུས་མི་རྒྱལ་ཁབ་ཀྱི་ ཨམ་སྲུ་སྤྱི་ཚོགས་ཀྱི་ འཐུས་མི་དང་ ལུང་ཕྱོགས་ནང་ ཅ་རྙིང་ཚུ་ ཨར་རྐུན་ཤོར་མི་ལས་ བཀག་ཐབས་འབད་ཐབས་ལུ་ ཁྲིམས་འབྲེལ་གྱིས་ མཉམ་འབྲེལ་འབད་ནིའི་སྐོར་ལས་ གྲོས་བསྟུན་ཚུ་འབད་ནི་ཨིནམ་ད་ ཚུལ་མིན་ཐོག་ལས་ བཀག་ཆ་འབད་མི་ སྨྱོ་རྫས་ནག་ཚོང་ འཐབ་མིའི་གནད་དོན་ཚུ་ལུ་ གྲོས་བསྟུན་འབད་ནི་ཨིན་པས།
ཞལ་འཛོམས་དེའི་ཤུལ་ལས་ བཅའ་མར་གཏོགས་མི་ཚུ་ལུ་ འབྲུག་པའི་ལམ་སྲོལ་དང་ སྲོལ་ཁྱུན་གྱི་ས་ཁོངས་ཚུ་ནང་ ལྟ་སྐོར་འབད་ནིའི་ འཆར་གཞི་ཚུ་ཡོདཔ་ཨིན་པས།
ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ཞལ་འཛོམས་དེ་ འགོ་དང་པ་ རྒྱལ་ཁབ་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ད་ཚུན་ འབྲུག་གིས་ ཡན་ལག་ཚོགས་ཆུང་གི་ ཞལ་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་མ་ཚུགས་པར་ཡོད་རུང་ འཐུས་མི་རྒྱལ་ཁབ་ཚུ་གིས་ འབྲུག་ལུ་ འགོ་འདྲེན་འཐབ་དགོཔ་སྦེ་ སླབ་མི་དང་འཁྲིལ་ འགོ་འདྲེན་འཐབ་ནི་ལུ་ གྲ་སྒྲིག་ཡོད་ཟེར་བཤད་ཅི།
བཅའ་མར་གཏོགས་མི་ཚུ་གིས་ དོན་ཚན་ཁག་༩ ལུ་ གྲོས་བསྟུན་འབད་དེ་ གྲོས་ཐག་བཅད་གནང་ནི་ཨིནམ་ད་ གཞན་ཡང་འཐུས་མི་རྒྱལ་ཁབ་ཚུ་ལས་ གལ་ཆེ་བའི་དོན་ཚན་ཡོད་པ་ཅིན་ གྲོས་བསྟུན་འབད་ནི་ཨིན་པས།
ཞལ་འཛོམས་དེའི་སྐབས་ལུ་ འགོ་འདྲེན་འཐབ་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ དངོས་མཐོང་གི་ གནས་ཚུལ་ཚུ་ བཙུགས་ནིའི་འཆར་གཞི་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *