ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ།

རྒྱལ་ཁབ་ནང་ ཨ་ལོ་སྐྱེས་ནུས་ཀྱི་ཚད་གཞི་ མར་བབས་སོང་མི་ལུ་ ཚ་གྱང་ལང་དགོཔ་མེདཔ།

༉ ཁ་ཙ་ ཐིམ་ཕུག་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཁང་ནང་ གཞུང་དང་ བརྡ་བརྒྱུད་ཀྱི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ བརྡ་བརྒྱུདཔ་ཚུ་གིས་ རྒྱལ་ཡོངས་སྡོད་ཁྱིམ་གྲངས་རྩིས་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ སྐྱེས་ནུས་ཀྱི་ཚད་གཞི་དེ་ མར་བབས་སོང་ཡོད་པའི་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་གིས་ སྤྱིར་བཏང་ལུ་ ཚད་གཞི་དེ་ དུམ་གྲ་ཅིག་ མར་བབས་སོང་ཡོད་རུང་ ཉེན་ཁ་ཅན་དང་ ཚ་གྱང་ལངས་དགོ་པའི་དུས་ཚོད་ལུ་ མ་ལྷོད་ཟེར་ཨིན་པས།
དེ་གི་ལན་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ གནས་ཚད་དང་འཁྲིལཝ་ད་ བཟའ་ཚང་རེ་ལུ་ ཨ་ལོ་༢.༣ ལས་ ཡན་ཆད་དགོཔ་ཨིན་རུང་ རྒྱལ་ཁབ་ནང་ ད་ལྟོ་༡.༩ འི་ཐོག་ལུ་ ཡོད་མི་དེ་ གནམ་མེད་ས་མེད་ ཚ་གྱང་ཅན་ཅིག་མེན་ཟེར་ཨིན་པས།
དེ་ཡང་ ཤི་མིའི་ཚད་གཞི་དང་འཁྲིལ་ མི་རློབས་ཚབ་ཀྱི་དོན་ལུ་ བཟའ་ཚང་རེ་ལུ་ ཨ་ལོ་༢ ལས་ལྷག་སྟེ་ དགོཔ་ཨིན་རུང་ དུམ་གྲ་ཅིག་ སྐྱེས་ནུས་ཀྱི་ཚད་གཞི་ མར་བབས་སོང་མི་དེ་ རང་བཞིན་གྱི་ གནས་སྟངས་ཅིག་ ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ རྒྱལ་ཁབ་གོང་འཕེལ་ འགྱོཝ་དང་གཅིག་ཁར་ འཚོ་བའི་གནས་སྟངས་ཡར་དྲག་འགྱོ་ ཤེས་རིག་དང་ གསོ་བའི་ཟད་འགྲོ་ཡར་སེང་ འགྱོ་མི་ལུ་བརྟེན་ཨིནམ་ལས་ སྐྱེས་ནུས་ཀྱི་ཚད་གཞི་ ཡར་སེང་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ ཐབས་བྱུས་དང་སྲིད་བྱུས་ཚུ་ ག་ནི་ཡང་ བརྩམ་དགོཔ་མེད་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ ཧེ་མ་འབད་བ་ཅིན་ གསོ་བའི་ལྷན་ཁག་གིས་ བཟའ་ཚང་འཆར་གཞི་ལུ་ དམ་དམ་འབད་དོ་ཡོད་རུང་ ད་རེས་ནངས་པར་ འདི་བཟུམ་འབད་ནི་མེདཔ་མ་ཚད་ ཨ་ལོ་ག་དེམ་ཅིག་ སྐྱེས་ནི་ཨིན་ནའི་ དབང་ཆ་དེ་ རྨགཔ་དང་ གནས་ཚང་གཉིས་ལུ་ ཡོད་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ད་ལྟོ་ མི་རློབས་ཀྱི་ གནས་སྟངས་ལུ་ བལྟ་བ་ཅིན་ སྐྱེས་ལོ་༡༥ ལས་༤༥ གི་ བར་ན་འབད་མི་ ལོ་ཚད་བར་མའི་སྡེ་ཚན་དེ་ མི་རློབས་ཀྱི་གྲས་ལས་ མཐོ་ཤོས་ཅིག་སྦེ་ཡོདཔ་ད་ མ་གཞི་ སྐྱེས་ནུས་ཀྱི་ ཚད་གཞི་མར་ཕབ་འགྱོ་ནི་ལུ་ ད་རུང་ ལོ་༢༠ དེ་ཅིག་ འགོར་ནི་ཨིན་རུང་ ད་ལྟོ་ཡོད་པའི་ སྡེ་ཚན་དེ་ལུ་ ཨ་ལོ་མངམ་སྐྱེས་བཅུག་སྟེ་ མི་རློབས་ཡར་སེང་འབད་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ཨ་ལོའི་གྱངས་ཁ་ མངམ་སྐྱེས་ནིའི་ སེམས་ཤུགས་བྱིན་ཐབས་ལུ་ དཔལ་འབྱོར་ཉེན་སྲུང་བྱིན་དགོཔ་གལ་ཆེ་ཟེར་ གསོ་བའི་བློན་པོ་གིས་ བཤདཔ་ཨིན་པས།
གཞུང་གི་ ཁས་བླངས་གསལ་བསྒྲགས་ནང་ སོ་ནམ་གོང་འཕེལ་དང་ གསོ་བ་ ཤེས་རིག་ལ་སོགས་པ་ཚུ་ནང་ ཟད་འགྲོ་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ འབད་བ་ཅིན་ ང་བཅས་ཀྱི་ སྐྱེས་ནུས་ཀྱི་ཚད་གཞི་ མར་ཕབ་འགྱོ་མིའི་ གནད་དོན་གཙོ་བོ་ཅིག་ ཨམ་སྲུ་ཚུ་གི་ སྐྱེས་ནུས་དུས་ཚོད་མཐོ་ཤོས་དེ་ སྐྱེས་ལོ་༢༥ དང་༢༩ གི་བར་ན་ཨིན་རུང་ མང་ཤོས་ཅིག་གིས་ དང་ཕུ་བཟུམ་མེན་པར་ ཨ་ལོ་༡ སྐྱེས་ཞིནམ་ལས་ ལོ་ངོ་༤ དང་༥ དེ་ཅིག་གི་ རྒྱབ་ལས་རྐྱངམ་གཅིག་ ཨ་ལོ་༢ པམ་དེ་ སྐྱེས་དོ་ཡོདཔ་ལས་ ཨ་ལོ་གཉིས་ཀྱི་བར་ན་ དུས་ཚོད་མངམ་བཞག་མི་གིས་ ཨའི་གི་ལོ་ཚད་ སྐྱེས་ལོ་༣༠ འབྱིད་པའི་བསྒང་ལས་ ཨོ་ལོ་སྐྱེས་ནི་དེ་ ཉེན་ཁ་ཅན་གྱི་ལོ་ཚད་ལུ་ ལྷོད་ནི་དེ་གིས་ ཨིན་མས་ཟེར་ བློན་ཆེན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *