༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་ནང་ སློབ་དཔོན་༤༠༠ དེ་ཅིག་ མ་ལང་པར་ཡོད་མི་དེ་ ཤེས་རིག་ལྷན་ཁག་གིས་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ སེལ་ཐབས་འབད་དོ་ཡོདཔ་ཨིན་པས།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ བཤད་མིའི་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་བྱུང་མིའི་ གནས་སྟངས་དེ་ གསརཔ་མེནམ་ལས་ ཤེས་རིག་གཞི་བཙུགས་འབད་བའི་ ནམ་དུས་ལས་ར་ སྡོད་ནུག་ཟེར་ཨིན་པས།
འདས་པའི་ལོ་༢ ཀྱི་རིང་ལུ་ རྒྱལ་ཁབ་ནང་ སློབ་དཔོན་༡,༠༠༠ དེ་ཅིག་ མ་ལང་པར་ཡོད་རུང་ ད་རེས་ གྱངས་ཁ་༤༠༠ ལུ་ ལྷོད་མི་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་ཕབ་སོང་སྟེ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།
ལྷན་ཁག་གི་ མི་སྟོབས་གཙོ་འཛིན་འགོ་དཔོན་ ཀུན་ལེགས་རྒྱལ་མཚན་གྱིས་ ད་རེས་ སློབ་གྲྭ་ཚུ་ནང་ སློབ་དཔོན་གྱི་ དཀའ་ངལ་ཐོན་མིའི་ གནད་དོན་གཙོ་བོ་ར་ དུས་ཅི་ལས་ སློབ་དཔོན་ཚུ་གིས་ བདུན་ཕྲག་རེ་ནང་ སློབ་སྟོན་འབད་ནིའི་ དུས་ཡུན་དེ་ ཧེ་མ་ ཆུ་ཚོད་༢༢ དེ་རེ་ ཡོད་མི་ལས་ ཆུ་ཚོད་༡༨ ལུ་ མར་ཕབ་འབད་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་དཔོན་གྱི་གྲངས་སུ་ སློབ་གྲྭའི་དབུ་འཛིན་དང་ དབུ་འཛིན་འོགམ་ཚུ་ བཙུགས་ཏེ་མེདཔ་ལས་ སློབ་དཔོན་མ་ལང་པའི་ དཀའ་ངལ་ཡོདཔ་བཟུམ་སྦེ་ ཚོར་སྣང་བྱུང་དོ་ཡོད་རུང་ གལ་སྲིད་ དབུ་འཛིན་ཚུ་ དེ་གི་གྲངས་སུ་ བརྩི་འཇོག་འབད་བ་ཅིན་ སློབ་དཔོན་མ་ལང་པའི་ དཀའ་ངལ་དེམ་ཅིག་ར་མེད་ཟེར་ཨིན་པས།
ན་ཧིང་ དབུ་འཛིན་༧༢༩ དེ་ཅིག་ སློབ་དཔོན་དགོས་མཁོའི་ ལས་སྣ་ནང་ མ་བཙུགས་པར་ བཞག་ཡོདཔ་བཞིན་དུ་ ལས་སྣ་དེ་ཡང་ རྒྱལ་ཁབ་ནང་ སློབ་དཔོན་ག་དེམ་ཅིག་ཡོདཔ་ཨིན་ན་དང་ སློབ་དཔོན་ལངམ་མེད་པའི་ དཀའ་ངལ་བལྟ་ནིའི་དོན་ལུ་ གཞི་བཙུགས་འབད་ནུག།
ཀུན་ལེགས་རྒྱལ་མཚན་གྱིས་ མ་གཞི་ ད་རེས་ སློབ་དཔོན་༤༠༠ དེ་ཅིག་གི་ དགོས་མཁོ་ཡོད་རུང་ཆོས་ཚན་དང་འཁྲིལ་ཏེ་ འགྱོ་བ་ཅིན་ གྱངས་ཁ་དེ་ བསྒྱུར་བཅོས་འགྱོ་འོང་ཟེར་ བཤདཔ་ཨིན་པས།
སློབ་དཔོན་ལངམ་མེད་པའི་ དཀའ་ངལ་དེ་ཡང་ མང་ཤོས་ར་ རྫོང་ཁའི་ཆོས་ཚན་ཚུ་ནང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ བློ་གསར་སློབ་རིམ་ལས་ སློབ་རིམ་༣ པ་ཚུན་ཚོད་ རྫོང་ཁའི་ཆོས་ཚན་དེ་ སྤྱིར་བཏང་སློབ་དཔོན་ཚུ་གིས་ སློབ་སྟོན་འབད་ཡོད་རུང་ དུས་ཅི་ སྤྱི་ཟླ་དང་པའི་ནང་ ཕུན་ཚོགས་གླིང་ལུ་སྦེ་ ལོ་བསྟར་ཤེས་རིག་གྲོས་འཚོགས་ནང་ སྤྱིར་བཏང་སློབ་དཔོན་ཚུ་གིས་མེན་པར་ རྫོང་ཁའི་སློབ་དཔོན་གྱིས་ར་ སྟོན་དགོཔ་སྦེ་ ཐག་བཅད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱིར་བཏང་གི་ སློབ་དཔོན་དང་ བརྡ་དོན་དང་འཕྲུལ་རིག་ དེ་ལས་ ཚན་རིག་ཚུ་ནང་ཡང་ སློབ་དཔོན་གྱི་ དཀའ་ངལ་དུམ་གྲ་རེ་ཡོད་མི་ཚུ་ དེ་འཕྲོ་ལས་ སེལ་ནི་ལུ་ གདོང་ལེན་ཡོད་རུང་ སློབ་དཔོན་གྱི་ ཐོན་ཤུགས་ལུ་ཡང་ བལྟ་དགོཔ་འདུག་ཟེར་ ཀུན་ལེགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
རྫོང་ཁག་ལ་ལོ་ཅིག་ནང་ སློབ་དཔོན་གྱི་ དགོས་མཁོ་དང་འཁྲིལ་ཏེ་ བགོ་བཀྲམ་མ་འབད་མི་ལས་ཡང་ དཀའ་ངལ་བྱུང་དོ་ཡོདཔ་མ་ཚད་ འཕྲལ་འཕྲལ་ སྲིད་བྱུས་ཚུ་ བསྒྱུར་བཅོས་འགྱོ་མི་གིས་ཡང་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གིས་ སློབ་དཔོན་གཅིག་གིས་ ཆོས་ཚན་༡ རྐྱངམ་གཅིག་ སློབ་སྟོན་འབད་དགོ་པའི་ སྲིད་བྱུས་བཟོ་སྟེ་འབད་རུང་ ད་རེས་ སློབ་གྲྭ་ལ་ལོ་ཅིག་ནང་ ཆོས་ཚན་༢ དེ་རེ་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
སློབ་དཔོན་མ་ལང་པའི་ གནད་དོན་༡ པོ་དེ་ དུས་ཅི་ སློབ་དཔོན་༧༢ དེ་ཅིག་ ཡུན་རིང་གི་ ནང་འཁོད་སྦྱོང་བརྡར་འབད་བའི་བསྒང་ ཡོད་མི་ལུ་བརྟེན་ཨིནམ་མ་ཚད་ སློབ་དཔོན་༡༢༢ དེ་ཅིག་གིས་ ལོ་བསྟར་བཞིན་དུ་ ཤེས་ཡོན་ངལ་གསོ་ལེན་ཏེ་ སྡོད་པའི་ཁར་ དུས་ཅི་ ལོ་ཕྱེད་ནང་ར་ སློབ་དཔོན་༡༠༡ དེ་ཅིག་གིས་ རྒྱལ་ཁབ་ཕྱི་ནང་ལུ་ ཤེས་ཡོན་ངལ་གསོ་ནང་ སོང་ནུག་ཟེར་ ཀུན་ལེགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ནངས་པར་ སློབ་དཔོན་༡༧༥ སྐྱེས་མའི་ངལ་གསོ་ནང་ཡོདཔ་ལས་ སློབ་དཔོན་༦༧ ཁག་འབགཔ་ཐོག་ལུ་ ཚབ་བཙུགས་ཏེ་ཡོད་རུང་ མཐའ་ཟུར་སློབ་གྲྭ་ཚུ་ནང་ ཚབ་བཙུགས་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་ལས་ སློབ་དཔོན་ལ་ལོ་ཅིག་ དངུལ་ཕོགས་མེད་པར་ ཡུན་རིང་གི་ ངལ་གསོ་ལེན་སྡོད་མི་དང་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་བའི་ཁར་ སློབ་དཔོན་ལ་ལོ་ ལས་སྡེ་གཞན་ཚུ་ནང་ གནས་སོར་བཏང་མི་དང་ དབུ་འཛིན་འོག་མ་ཚུ་ དབུ་འཛིན་ལུ་ གོ་གནས་ཡར་སེང་འབད་མི་ཚུ་གིས་ཡང་ སློབ་དཔོན་གྱི་ དཀའ་ངལ་ལུ་ ལྷན་ཐབས་འབདཝ་མས་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ སློབ་ཕྲུག་༡༠ དེ་ཅིག་ལས་མེད་མི་ ཡུན་བརྟན་མེད་པའི་ སློབ་གྲྭ་ཆུང་བ་ཚུ་ཡང་ སྒོ་ཕྱེས་ཏེ་ཡོད་མི་ཚུ་ནང་ཡང་ སློབ་དཔོན་བགོ་བཀྲམ་འབད་དགོཔ་བྱུངམ་ད་ སློབ་དཔོན་མ་ལང་པའི་ དཀའ་ངལ་ཐོན་དོ་ཡོདཔ་བཞིན་དུ་ ད་རེས་ནངས་པར་ དེ་བཟུམ་མའི་ སློབ་གྲྭ་༡༠༧ ཡོདཔ་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་༥༠༠ ལྷགཔ་ཅིག་ནང་ དབུ་འཛིན་དང་ དབུ་འཛིན་འོགམ་ སྐྱེས་མའི་ངལ་གསོ་ དེ་ལས་ དངུལ་ཕོགས་མེད་པར་ ངལ་གསོ་ལེན་སྡོད་མི་ཚུ་ མ་བརྩིས་བར་ སློབ་དཔོན་བསྡོམས་༧,༧༧༨ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།