ས་སྣུམ་བཀྲམ་སྤེལ་ཁང་།

རྒྱལ་ཁབ་ནང་ ས་སྣུམ་གྱི་གོང་ཚད་ མར་བབས་སོང་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༣༡ གི་ནུབ་མོ་ རྒྱ་གར་རྒྱལ་ཁབ་ནང་ ས་སྣུམ་གྱི་གོང་ཚད་ མར་བབས་སོང་མི་དང་བསྟུན་ རྒྱལ་ཁབ་ནང་འཁོད་ ས་སྣུམ་པེ་ཊཱོལ་གྱི་གོང་ཚད་དེ་ དངུལ་ཀྲམ་༤.༣༨ ལས་༤.༤༦ གི་བར་ན་དང་ ཌི་ཟིལ་གྱི་གོང་ཚད་ དངུལ་ཀྲམ་༡.༥༡ ལས་༡.༥༣ གྱི་བར་ན་ མར་བབས་སོང་ནུག།
ཐིམ་ཕུག་ལུ་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༨.༦༠ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༧༡.༣༣ རེ་ཨིནམ་ད་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༦.༤༣ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་ ༦༩.༣༤ རེ་ཨིན་པས།
ཧེ་མའི་ཟླཝ་ནང་ ཐིམ་ཕུག་ལུ་ པེ་ཊཱོལ་ལི་ཊར་རེ་ལུ་ གོང་ཚད་དངུལ་ཀྲམ་༧༣.༠༤ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༧༢.༨༥ ཨིནམ་ད་ ད་རེས་ པེ་ཊཱོལ་གྱི་གོང་ཚད་ དངུལ་ཀྲམ་༤.༤༤ དང་ ཌི་ཟིལ་གྱི་གོང་ཚད་ དངུལ་ཀྲམ་༣.༥༡ དེ་ཅིག་ལུ་ མར་བབས་སོང་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་འོག་གི་ ཚོང་འབྲེལ་ལས་ཁུངས་ཀྱི་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ རྫོང་ཁག་༢༠ གི་ས་གནས་ག་ར་ནང་ ས་སྣུམ་གོང་ཚད་མར་བབས་སོང་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༡ གི་ནུབ་མོ་ལས་ ལག་ལེན་འཐབ་ནི་ཟེར་ ཨིནམ་ད་ ཧེ་མའི་ཟླཝ་ནང་ ས་སྣུམ་གྱི་གོང་ཚད་ ཡར་སེང་སོང་མི་དེ་ ཡུ་ཨེས་ཌོ་ལར་གྱི་གོང་ཚད་ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
ཐིམ་ཕུག་ལུ་སྡོད་མི་ དཀོན་མཆོག་ཡོན་ཏན་གྱིས་ སླབ་མིའི་ནང་ ས་སྣུམ་གྱི་གོང་ཚད་ ཡར་སེང་སོང་མི་ལུ་བརྟེན་ གླ་འཁོར་དེད་གཡོགཔ་ཚུ་གིས་ ཧེ་མ་དང་ཕྱདཔ་ད་ དངུལ་ཀྲམ་༡༠ དེ་ཅིག་ ཐེབས་ལེནམ་མས་ཟེར་ཨིནམ་ད་ ཁོང་ལུ་དྲི་བའི་བསྒང་ལས་ ས་སྣུམ་གྱི་གོང་ཚད་ ཡར་སེང་སོང་ནི་དེ་གིས་ཨིན་ཟེར་ སླབ་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་སྣུམ་གྱི་གོང་ཚད་མར་བབས་སོང་རུང་ དེད་གཡོགཔ་ཚུ་གིས་ གླ་ཆ་མི་ཕབ་འོང་ཟེར་ཨིནམ་ད་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ཁ་ཐུག་ལས་ ལྟ་རྟོག་ལེགས་ཤོམ་འབད་བ་ཅིན་ མི་སེར་ཉམ་ཆུང་ཚུ་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།
སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ དབང་འཛིན་གྱིས་ གླ་ཆ་བསྐྱར་བཟོ་འབད་མི་དང་འཁྲིལ་ དེད་གཡོགཔ་ཚུ་གིས་ མི་ལེན་པས་ཟེར་ཨིནམ་ད་ ས་སྣུམ་གྱི་གོང་ཚད་ ཡར་འཛེགས་མི་དང་འཁྲིལ་ དབང་འཛིན་གྱི་ཁ་ཐུག་ལས་ གླ་ཆའི་ཚད་གཞི་བཟོ་བ་ཅིན་ འགྲུལ་པ་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
གླ་འཁོར་བཏང་མི་ཅིག་གིས་ སླབ་མིའི་ནང་ ས་སྣུམ་གྱི་གོང་ཚད་ ཡར་འཛེགས་པའི་སྐབས་ དབང་འཛིན་གྱིས་ བསྐྱར་བཟོ་འབད་མི་དང་འཁྲིལ་ཏེ་ གླ་ཆ་ལེན་སྡོད་པ་ཅིན་ ཁོང་གླ་འཁོར་བཏང་མི་ཚུ་ལུ་ རྒུད་ཕོག་ནི་མས་ཟེར་ཨིནམ་ད་ ས་ཐག་རིང་སར་ འགྲོ་འགྲུལ་འབད་མི་ཚུ་ལུ་ གླ་ཆ་ཡར་སེང་འབདཝ་ད་ ས་གནས་ནང་འཁོད་ཀྱི་གླ་ཆ་ཡང་ ཡར་སེང་འབད་དགོཔ་འོང་ཟེར་ཨིན་པས།
ལ་ལོ་ཅིག་གིས་ སླབ་མིའི་ནང་ འོས་འབབ་དང་བསྟུན་ཏེ་ གླ་ཆ་ལེན་དོ་ཟེར་ཨིནམ་ད་ གླ་འཁོར་བཏང་མི་ ལ་ལོ་ཅིག་གིས་ ཚད་ལས་བརྒལ་ གླ་ཆ་ལེན་མི་ཡང་ཡོདཔ་ལས་ ཁ་བཏང་ས་དེ་ གླ་འཁོར་བཏང་མི་ག་ར་ལུ་ཨིན་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ མི་མང་སྐྱེལ་འདྲེན་གྱི་གླ་ཆ་དང་ གླ་འཁོར་གྱི་གླ་ཆ་ བརྒྱ་ཆ་༡༠ དེ་ཅིག་ ཡར་འཛེགས་མི་དེ་ ད་རེས་ ས་སྣུམ་གྱི་གོང་ཚད་ མར་བབས་སོང་མི་ལུ་བརྟེན་ཏེ་ མི་སེར་གྱི་སེམས་ཁར་ གླ་ཆ་ཡང་ མར་འབབ་འགྱོ་འོང་མནོ་བའི་རེ་བ་ ཡོདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *