རྒྱལ་ཁབ་ནང་ ཤེས་ཚད་ཀྱི་བརྟག་ཞིབ་ ལས་སྡེ་༤ གིས་འབད་ཆོག་ནི།

༉ ཤེས་རིག་ལྷན་ཁག་གི་ འབྲུག་ངོས་འཛིན་ཚོགས་སྡེ་དང་འཁྲིལ་བ་ཅིན་ འབྲུག་མི་ཚུ་གི་ ཤེས་ཚད་ཀྱི་བརྟག་ཞིབ་དེ་ ལས་སྡེ་༤ རྐྱངམ་གཅིག་གིས་ འབད་ཆོག་ནི་ཨིནམ་ད་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ ལས་སྡེ་༤ གང་རུང་ཅིག་གིས་ ཤེས་ཚད་ཡིག་ཆ་ཚུ་ བརྟག་ཞིབ་འབད་བའི་ཤུལ་ལས་ ངོ་སྦྱོར་གྱི་དོན་ལུ་ འབྲུག་ངོས་འཛིན་ཚོགས་སྡེ་ལུ་ གཏང་དགོཔ་ཨིན་པས།
ལས་སྡེ་༤ པོ་དེ་ཡང་ དཔལ་ལྡན་འབྲུག་པའི་ གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ འབྲུག་གི་བསྟན་སྲུང་དམག་སྡེ་ དེ་ལས་ མངོན་མཐོ་ཁྲིམས་འདུན་ཨིནམ་བཞིན་དུ་ ད་རེས་ནངས་པར་ བཙག་འཐུ་ནང་བཅའ་མར་གཏོགས་ནི་ཨིན་པ་ཅིན་ ལས་སྡེ་༤ གང་རུང་ཅིག་གིས་ ཤེས་རིག་གི་ཡིག་ཆ་དེ་ བརྟག་ཞིབ་འབད་ཆོག་ནི་ཨིན་པས།
འབྲུག་ངོས་འཛིན་ཚོགས་སྡེ་གིས་ ལས་སྡེ་༤ པོ་གིས་ ཤེས་རིག་གི་ཡིག་ཆ་ བརྟག་ཞིབ་འབད་ཆོག་པའི་སྐོར་ལས་ གནས་ཚུལ་གསར་བཏོན་ཅིག་འབད་མི་དེ་ཡང་ འཕྲལ་ཁམས་གཅིག་ཁར་ ཐིམ་ཕུག་ཁྲོམ་སྡེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཅིག་གི་ ཤེས་རིག་གི་ཡིག་ཆ་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ བརྟག་ཞིབ་འབད་བའི་ཤུལ་ལས་ བྱ་སྟབས་མ་བདེཝ་ཐོན་ནུག།
མ་གཞི་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནི་ལུ་སྤྲོ་བ་ཡོད་མི་ མི་ངོམ་ཚུ་གི་ ཤེས་རིག་གི་ཡིག་ཆ་ཚུ་ འབྲུག་ངོས་འཛིན་ཚོགས་སྡེ་གིས་ བརྟག་ཞིབ་འབད་ཐོག་ལས་ ངོ་སྦྱོར་འབད་དོ་ཡོདཔ་ཨིན་རུང་ ཐིམ་ཕུག་ཁྲོམ་སྡེ་གི་ གདམ་ངོའི་ཐད་ལུ་ ལག་ཁྱེར་བརྟག་ཞིབ་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ གནང་མི་ལུ་ཚོགས་སྡེ་གིས་ ངོ་སྦྱོར་འབད་བའི་སྐབས་ གདམ་ངོ་གཞན་ཅིག་གིས་ ངོ་སྦྱོར་འབད་ཐངས་དེ་ལུ་ ཡིད་ཆེས་མ་འདྲོངས་པར་ གནད་དོན་ཐོག་ལུ་ འབྲུག་གི་བཙག་འཐུ་ལུ་ ཉོགས་བཤད་བཀོད་ནུག།
དོ་འགྲན་པ་གིས་འབད་བ་ཅིན་ ལག་ཁྱེར་དེ་ བརྟག་ཞིབ་འབད་མི་དང་ ངོ་སྦྱོར་འབད་མི་ འབྲུག་ངོས་འཛིན་ཚོགས་སྡེ་རྐྱངམ་གཅིག་ཨིན་ཟེར་ མནོ་བསམ་བཏང་ཡོད་མི་དེ་ཡང་ ད་ཚུན་ དེ་བཟུམ་གྱི་ལཱ་དེ་ ཚོགས་སྡེ་གིས་མ་གཏོགས་ ལས་སྡེ་གཞན་གྱིས་འབད་ཡོད་པའི་སྐོར་ལས་ མ་ཤེས་ནི་དེ་གིས་ཨིན་པས།
ལག་ཁྱེར་དང་ ཤེས་རིག་གི་ཡིག་ཆ་ བརྟག་ཞིབ་འབད་མི་དེ་ མི་ངོམ་དེ་ འབྲུག་གཞུང་གིས་ ངོས་ལེན་ཡོད་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཚུ་ལས་ མཐར་འཁྱོལ་ཡོདཔ་བལྟ་ནིའི་དོན་ལུ་ཨིནམ་ད་ དེ་བཟུམ་གྱི་བརྟག་ཞིབ་དེ་ མང་ཤོས་ཅིག་ ཕྱིའི་རྒྱལ་ཁབ་ལས་ མཐར་འཁྱོལ་མི་ཚུ་ལུ་འབད་དགོཔ་ཐོན་ཏེ་ ལ་ལོ་གིས་ ལག་ཁྱེར་རྫུས་མ་བཟོ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་པས།
བརྟག་ཞིབ་འབད་བའི་སྐབས་ འབྲུག་ངོས་འཛིན་ཚོགས་སྡེ་གིས་ མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེའི་ བདག་སྐྱོང་དང་གཅིག་ཁར་ བློ་སླབ་ཐོག་ལས་ མི་ངོམ་དེ་ གཙུག་ལག་སློབ་སྡེའི་ སློབ་ཕྲུག་ངོས་བདེན་ཨིནམ་ ཡིག་ཐོག་ལུ་ལེན་དོ་ཡོདཔ་ད་ དེའི་ཤུལ་ལས་ བཙག་འཐུ་ནང་བཅའ་མར་གཏོགས་ནིའི་ འོས་འབབ་ཡོད་པའི་ ངོ་སྦྱོར་འབད་དོ་ཡོདཔ་ཨིན་པས།
ད་ལས་ཕར་ ལས་སྡེ་༤ གིས་ ཡིག་ཆ་དེ་ བརྟག་ཞིབ་འབད་དེ་ ཡིག་ཆ་ཚུ་བདེན་པ་ཨིན་པ་ཅིན་ ངེས་བདེན་ཨིན་པའི་ཡི་གུ་ འབྲུག་ངོས་འཛིན་ཚོགས་སྡེ་ལུ་བྱིན་ནི་ཨིནམ་ད་ དེ་ལུ་གཞི་བཞག་སྟེ་ ཚོགས་སྡེ་གིས་ ངོ་སྦྱོར་འབད་བ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་ངོམ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་པའི་ གནང་བ་བྱིན་ནི་ཨིན་པས།
ཚོགས་སྡེ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ ཡིག་ཆ་ངོ་སྦྱོར་འབད་ནིའི་དོན་ལུ་ མི་ངོམ་དེ་ར་ ཚོགས་སྡེའི་ཡིག་ཚང་ནང་ འོང་དགོ་ཟེར་ཨིནམ་ད་ ད་རེས་ རྒྱལ་ཡོངས་ཚོགས་སྡེའི་གྲས་ཁར་ བཅའ་མར་གཏོགས་མི་ཅིག་གིས་ ཡིག་ཆ་ངོ་སྦྱོར་གྱི་དོན་ལུ་ མི་ངོམ་སྦེ་ ལྷོད་མ་ཚུགས་ནི་དེ་གིས་ ཡིག་ཆ་དེ་ ཆ་མེད་སོང་ནི་དེ་གིས་ བཙག་འཐུ་ནང་བཅའ་མར་གཏོགས་ནིའི་གོ་སྐབས་ འཕྲོ་བརླག་སོང་ནུག།
ཚོགས་སྡེའི་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཡིག་ཆ་བརྟག་ཞིབ་དང་ ངོ་སྦྱོར་གྱི་དོན་ལུ་ བཙག་འཐུ་མ་རན་པའི་ཧེ་མ་ལས་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ ཕྱིའི་རྒྱལ་ཁབ་ཀྱི་ མཐོ་རིམ་སློབ་དང་ གཙུག་ལག་སློབ་སྡེ་ལ་ལོ་ཅིག་གིས་ བརྟག་ཞིབ་ཀྱི་ལན་གསལ་ དུས་ཚོད་ཁར་མ་ལྷོད་པའི་སྐབས་ ངོ་སྦྱོར་འབད་མ་ཚུགསཔ་ལས་ བཙག་འཐུ་ནང་ ཕྱིས་ནིའི་ཉེན་ཁ་འདུག་ཟེར་ཨིནམ་ད་ དེ་བཟུམ་གྱི་དཀའ་ངལ་ལུ་བརྟེན་ གདམ་ངོ་ཅིག་གིས་ བཙག་འཐུ་ནང་བཅའ་མར་གཏོགས་ནིའི་ གོ་སྐབས་ཆུད་ཟད་སོང་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *