རྒྱལ་ཁབ་ནང་ ལུང་ཕྱོགས་ལྟ་བཤལཔ་མངམ་ འོང་བཅུག་ནིའི་ཐབས་ལམ།

༉ ལུང་ཕྱོགས་ལྟ་བཤལཔ་ཚུ་གི་ མཐུན་རྐྱེན་དང་ ཞབས་ཏོག་ཡར་དྲག་གཏང་ནིའི་ ཐབས་ལམ་སྐོར་ གྲོས་བསྡུར་འབད་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
འདས་པའི་བདུན་ཕྲག་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཕུན་ཚོགས་གླིང་ལུང་ཕྱོགས་ཕྱི་མི་ནང་སྐྱོད་ཡིག་ཚང་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་གནངམ་ད་ ང་བཅས་རའི་ དཔལ་འབྱོར་ལུ་ ཁེ་ཕན་ཡོད་མི་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་མང་ཤོས་ར་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་གྱི་ མི་ཁུངས་ཚུ་ཨིནམ་ལས་ ནང་སྐྱོད་ཀྱི་ ཞབས་ཏོག་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བྱིན་དགོཔ་དེ་ གལ་ཆེ་ཟེར་གསུངས་ནུག།
འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ ལྟ་བཤལཔ་ཚུ་ རང་སོའི་རྒྱལ་ཁབ་ནང་ ལྟ་སྐོར་ལུ་ འོང་བཅུག་ནི་གི་ ཐབས་ལམ་གལ་གནད་ཆེ་ཤོས་ར་ ཟ་ཉལ་ཁང་ལ་སོགས་པའི་ མཐུན་རྐྱེན་ཚུ་ ལེགས་ཤོམ་དགོ་པའི་ཁར་ ནང་སྐྱོད་ཀྱི་ ཞབས་ཏོག་ཚུ་ གང་མགྱོགས་སྦེ་ ཐོབ་ཚུགསཔ་བཟོ་ནི་དེ་ཨིན་མས།
དེ་འབདཝ་ལས་ འབྲུག་གི་ཚོང་འབྲེལ་ལྟེ་བ་གཙོ་བོ་ཅིག་ཨིན་མི་ ཕུན་ཚོགས་གླིང་དེ་ ལུང་ཕྱོགས་ལྟ་བཤལཔ་ཚུ་གི་དོན་ལུ་ རྒྱལ་ཁབ་ཀྱི་ འཛུལ་སྒོ་གཙོ་ཅན་ཨིནམ་ལས་ ལྟ་བཤལ་པའི་ ས་ཁོངས་ཅིག་སྦེ་ གོང་འཕེལ་གཏང་ནི་དེ་ཡང་ གལ་ཆེཝ་སྦེ་མཐོངམ་མས།
དེ་ཡང་ ཕྱི་མི་ནང་སྐྱོད་ཡིག་ཚང་གི་ གནས་ཐོ་དང་འཁྲིལཝ་ད་ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ལྟ་བཤལ་གྱི་ དུས་ཚོད་མེན་པའི་སྐབས་ལུ་ ཉིན་བསྟར་བཞིན་དུ་ ལུང་ཕྱོགས་ལྟ་བཤལཔ་༢༠༠ དེ་རེ་དང་ ལྟ་བཤལ་གྱི་ དུས་ཚོད་ལུ་ ༡,༨༠༠ དེ་རེ་ འོང་ནི་ཡོདཔ་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་བྱུངམ་ཨིན་མས།
དེ་གི་ནང་དོན་ཉིད་ལས་ སྤྱི་ལོ་༢༠༡༧ ལུ་ རྒྱལ་ཁབ་ནང་ ལྟ་བཤལཔ་བསྡོམས་༢༥༤,༧༠༤ འོང་མི་ལས་༡༨༣,༢༨༧ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ཨིནམ་ད་ དེ་གི་གྲས་ལས་ མང་ཤོས་ར་ རྒྱ་གར་གྱི་མི་ཁུངས་ ཕུན་ཚོགས་གླིང་ས་མཚམས་བརྒྱུད་དེ་ རྒྱལ་ཁབ་ནང་ འོང་མི་ཚུ་ཨིན་མས།
ད་རེས་ནངས་པར་ ལྟ་བཤལ་པའི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ ཕུན་ཚོགས་གླིང་ཕྱི་མི་ནང་སྐྱོད་ཡིག་ཚང་ལུ་ དོ་འགྲན་བྱུང་སྟེ་ཡོདཔ་བཞིན་དུ་ གཞུང་གིས་ སྤྱི་ལོ་༢༠༡༧ ལུ་ ཡིག་ཚང་རྒྱ་སྐྱེད་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༡ ཟད་འགྲོ་བཏང་མི་དེ་ འོས་ལྡན་ཅིག་ཨིན་མས།
འདི་འབདཝ་ད་ ང་བཅས་ཀྱིས་ ལུང་ཕྱོགས་ལྟ་བཤལཔ་ཚུ་ ག་དེ་མང་མང་ རྒྱལ་ཁབ་ནང་ འོང་བཅུག་ནིའི་དོན་ལུ་ བློན་ཆེན་གྱིས་ གྲོས་འཆར་བཀོད་དོ་བཟུམ་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ ཕྱི་མི་ནང་སྐྱོད་ཡིག་ཚང་༢ མཉམ་འབྲེལ་ཐོག་ལས་ ལྟ་བཤལཔ་ཚུ་ ཡུན་རིངམོ་སྦེ་ བསྒུག་སྡོད་མ་དགོ་པའི་ ཤོག་འཛིན་ལམ་ལུགས་ སྟབས་བདེ་དྲགས་བཟོ་ནི་དེ་གལ་ཆེ།
ད་ལྟོ་ ལྟ་བཤལ་ལག་ལེན་ལས་སྡེ་ཚུ་ལུ་ དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ ཡོངས་འབྲེལ་ལམ་ལུགས་ནང་ ལམ་ཡིག་རྐྱངམ་གཅིག་ལེན་མི་ལུ་བརྟེན་ཨིནམ་ད་ ལུང་ཕྱོགས་ལྟ་བཤལཔ་ལ་ལོ་གིས་ ཆོག་ཐམ་འཐོབ་ནིའི་དོན་ལུ་ ཨིསི་ཊར་༣ འབད་མི་ ཟ་ཁང་དང་ ལམ་སྟོན་པ་དགོ་པའི་ཁར་ ལྟ་བཤལ་ངོ་ཚབ་བརྒྱུད་དེ་ འོང་དགོ་མི་ལུ་བརྟེན་ ལྟ་བཤལཔ་མང་ཤོས་ཅིག་གིས་ ཟད་འགྲོ་ཉུང་ཤོས་གནས་མི་ ཟ་ཁང་འཚོལ་མི་ལུ་བརྟེན་ ཐོ་ཕོགཔ་མས་ཟེར་ ལྟ་བཤལ་ལས་སྡེ་ཚུ་གིས་ བཤདཔ་ཨིན་མས།
མཐུན་རྐྱེན་དང་ ཞབས་ཏོག་ཚུ་ ཕུན་ཚོགས་གླིང་རྐྱངམ་གཅིག་མེན་པར་ ཤར་ཕྱོགས་ལུང་ཕྱོགས་ནང་ཡང་ ལུང་ཕྱོགས་ལྟ་བཤལཔ་ཚུ་ འོང་བཅུག་ནི་གི་ སེམས་ཤུགས་བསྐྱེད་ཐབས་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ བསམ་གྲུབ་ལྗོངས་མཁར་ལུ་ཡང་ མཐུན་རྐྱེན་དང་ ཞབས་ཏོག་ལེགས་བཅོས་འབད་ནི་ལུ་ གཙོ་རིམ་བཟུང་དགོ།
འདི་འབདཝ་ད་ ཞབས་ཏོག་གི་ སྤུས་ཚད་ཡར་དྲག་གཏངམ་དང་གཅིག་ཁར་ འབྲུག་གི་ས་མཚམས་ནང་ འཛུལ་བའི་ཤུལ་ལས་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ ནང་འཁོད་ཀྱི་ སྐྱེལ་འདྲེན་མཐུན་རྐྱེན་ཚུ་ ལག་ལེན་འཐབ་བཅུག་དགོ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *