རྒྱལ་ཁབ་ནང་ རང་སྲོག་བཅད་མིའི་གྱངས་ཁ་ མར་འབབ་འགྱོ་ ནི་མེདཔ།

རང་སྲོག་གཅད་ནི་བཀག་ཐབས་ཀྱི་ ལག་ལེན་འཆར་གཞི་ ལག་ལེན་འཐབ་ནིའི་ཐད་ཁར་ མཐར་འཁྱོལ་ཅན་སྦེ་ འགྱོ་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ རང་སྲོག་བཅད་མིའི་གྱངས་ཁ་དེ་ མར་འབབ་མ་འགྱོ་བར་འདུག།

གསོ་བ་ལྷན་ཁག་འོག་གི་ རྒྱལ་ཡོངས་རང་སྲོག་གཅད་ནི་བཀག་ཐབས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་འོགམ་ ཡེ་ཤེས་དབང་འདུས་ཀྱིས་ སླབ་མིའི་ནང་ ལག་ལེན་འཆར་གཞི་ མཐར་འཁྱོལ་ཅན་སྦེ་ སོང་ཡོདཔ་མ་ཚད་ དེ་ནང་འཁོད་དེ་ཡོད་མི་ ལས་སྣ་ཚུ་ཡང་ མང་ཤོས་ར་ ལག་ལེན་འཐབ་ཚར་ཏེ་ཡོད་རུང་ རང་སྲོག་གཅད་མིའི་གྱངས་ཁ་དེ་ མར་འབབ་མི་འགྱོ་བས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ རག་སྲོག་བཅད་མི་ཐོན་རུང་ མང་ཤོས་ར་ སྙན་ཞུ་མ་འབད་བར་ ལུས་ནི་དེ་གིས་ གྱངས་ཁའི་གྲངས་སུ་ ཚུད་མི་ཚུགས་དོ་ཡོདཔ་ད་ ད་ལྟོ་ ལག་ལེན་འཆར་གཞི་ ལེགས་ཤོམ་སྦེ་ལག་ལེན་འཐབ་སྟེ་ རང་སྲོག་བཅད་མི་ ཕུད་རྡོག་གཅིག་ར་ སྙན་ཞུ་མ་འབད་བར་ མ་ལུས་ནི་དེ་གིས་ གྱངས་ཁ་ཡར་སེང་འགྱོཝ་མ་གཏོགས་ མར་འབབ་མ་འགྱོ་མི་དེ་ དེ་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིན་པས།

འདས་པའི་ལོ་ཚུ་ནང་ ལག་ལེན་འཆར་གཞི་མེད་པའི་སྐབས་ དཔེར་ན་ གཡུས་སྒོ་གཅིག་ནང་ མི་གཅིག་རང་སྲོག་བཅད་དེ་ ཤི་སོ་པ་ཅིན་ གཡུས་ཚན་དེ་ནང་གི་ མི་ཚུ་གིས་རྐྱངམ་གཅིག་མ་གཏོགས་ གཞན་ག་གི་ཡང་ མི་ཤེས་དོ་ཡོདཔ་ལས་ སྙན་ཞུ་མ་འབད་བར་ལུས་ཏེ་ གྱངས་ཁའི་གྲངས་ཚུ་ མི་ཚུད་པས་ཟེར་ཨིན་པས།

ཨིན་རུང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལག་ལེན་འཆར་གཞིའི་ སྙན་ཞུ་ཚུ་ རྒྱལ་ཡོངས་རང་སྲོག་གཅད་ནི་བཀག་ཐབས་ལས་རིམ་ལུ་ ཕུལ་ཏེ་ཡོདཔ་ལས་ འཕྲལ་མགྱོགས་ར་ གྲུབ་འབྲས་ཚུ་ ག་དེ་སྦེ་ ཐོན་ཡོདཔ་ཨིན་ན་ བལྟ་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་སྟོབས་གོང་འཕེལ་གཏང་ནིའི་ ལས་སྣ་མ་གཏོགས་ གཞན་ལག་ལེན་འཆར་གཞི་ནང་འཁོད་དེ་ཡོད་མི་ ལས་སྣ་ཚུ་ ལག་ལེན་འཐབ་ནིའི་ཐད་ཁར་ བརྒྱ་ཆ་ལས་བརྒྱ་སྦེ་ གྲུབ་འབྲས་ཐོན་ཏེ་འདུག་ཟེར་ཨིན་པས།

ལོ་༣ གྱི་ལག་ལེན་འཆར་གཞི་ མཇུག་བསྡུ་ནིའི་དོན་ལུ་ ཟླཝ་༡ ལྷགཔ་ཅིག་ལས་མེདཔ་ལས་ རྒྱལ་ཡོངས་རང་སྲོག་གཅད་ནི་བཀག་ཐབས་ལས་རིམ་གྱིས་ ལག་ལེན་འཆར་གཞི་དེ་ བསྐྱར་ཞིབ་འབད་བའི་བསྒང་འདུག།

ཡེ་ཤེས་དབང་འདུས་ཀྱིས་འབད་བ་ཅིན་ ད་ལྟོའི་ ལག་ལེན་འཆར་གཞི་དེ་ལུ་ གཞི་བཞག་ཞིནམ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གི་ ལག་ལེན་འཆར་གཞི་ ལག་ལེན་འཐབ་ནི་ལུ་ གདོང་ལེན་ག་ཅི་ར་ བྱུང་དོ་ཡོདཔ་ཨིན་ན་ དེ་ཚུ་ག་ར་ བལྟ་ཞིནམ་ལས་ བསྐྱར་ཞིབ་འབད་དེ་ ཤུལ་མའི་ ལག་ལེན་འཆར་གཞི་དེ་ ལོ་༣ གྱི་དོན་ལུ་མེན་པར་ ལོ་༥ འི་ ལག་ལེན་འཆར་གཞི་སྦེ་ གྲོས་འདེབས་བཙུགས་ནི་ཟེར་ཨིན་པས།

རྒྱལ་ཁབ་ནང་ རང་སྲོག་བཅད་མིའི་གྱངས་ཁ་དེ་ སྤྱི་ལོ་༢༠༡༦ ལུ་༩༢ ཐོན་ཡོད་རུང་ སྤྱི་ལོ་༢༠༡༧ ལུ་༡༠༦ ལུ་ ཡར་སེང་སོང་ནུག།

སྤྱི་ལོ་༢༠༡༦ ལུ་ མགར་ས་དང་ ལྷུན་རྩེ་རྫོང་ཁག་མ་གཏོགས་ གཞན་རྫོང་ཁག་༡༨ ག་ར་ནང་ རག་སྲོག་བཅད་པའི་ སྙན་ཞུ་འབད་ཡོདཔ་ད་ ན་ཧིང་གི་ ལོ་ནང་འབད་བ་ཅིན་ མགར་ས་རྫོང་ཁག་ནང་ རང་སྲོག་བཅད་མི་༡ དང་ ལྷུན་རྩེ་ལུ་༢ ཐོན་ཡོདཔ་ཨིན་པས།

དེ་ལས་ ཆུ་ཁ་རྫོང་ཁག་ནང་ རང་སྲོག་བཅད་མི་༡༥ ཐོན་ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ར་ ཐིམ་ཕུག་དང་བསམ་རྩེ་རྫོང་ཁག་ནང་༡༢ ཐོན་ཡོདཔ་ཨིན་པས།

མོང་སྒར་ལུ་༡༠ དང་ བསམ་གྲུབ་ལྗོངས་མཁར་ལུ་༩ ཐོན་ཡོད་པའི་ སྙན་ཞུ་འབད་ནུག།

ཡེ་ཤེས་དབང་འདུས་ཀྱིས་འབད་བ་ཅིན་ ཁོང་གིས་ ལག་ལེན་འཆར་གཞི་གི་ སྙན་ཞུ་དབྱེ་དཔྱད་འབད་བའི་སྐབས་ རྫོང་ཁག་དེ་ནང་ རང་སྲོག་བཅད་མི་ ག་ཅི་སྦེ་ མངམ་ཐོན་དོ་ཡོདཔ་ཨིན་ན་ཚུ་ཡང་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་ནི་ཟེར་ཨིནམ་ད་ ད་ལྟོ་ མཐའ་བཅད་སྙན་ཞུ་མེད་ནི་དེ་གིས་ ཆུ་ཁ་རྫོང་ཁག་ནང་ རང་སྲོག་བཅད་མི་ ག་ཅི་ལུ་བརྟེན་ཏེ་ མངམ་ཐོན་སོཔ་ཨིན་ན་ སླབ་མི་ཚུགས་པས་ཟེར་ཨིན་པས།

ཁོང་གིས་ བརྟག་དཔྱད་འབད་ཡོད་པའི་ མཐའ་བཅད་སྙན་ཞུ་དེ་ དུས་ཅི་སྤྱི་ཟླ་༧ པ་དེ་ཅིག་ལུ་ གྲ་སྒྲིག་འབད་ཚུགས་པའི་ རེ་བ་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ རང་སྲོག་ག་ཅི་སྦེ་ བཅད་དགོཔ་ཨིན་ན་ དོན་དག་ཧ་གོ་ནི་དེ་ ལཱ་ཁག་ཡོདཔ་ལས་ མཐའ་བཅད་སྙན་ཞུ་ཐོབ་སྟེ་འབད་རུང་ རང་སྲོག་བཅད་དགོ་པའི་ གནད་དོན་ཚུ་གི་སྐོར་ལས་ ཧ་གོ་ཚུགས་ནི་དེ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།

མ་གཞི་ རག་སྲོག་བཅད་པའི་སྙན་ཞུ་དང་འཁྲིལཝ་ད་ མང་ཤོས་ར་ སེམས་ཁམས་ཀྱི་ནད་གཞི་ཡོད་མི་ལུ་བརྟེན་ རང་སྲོག་བཅད་ཡོདཔ་སྦེ་ སླབ་དོ་ཡོདཔ་ད་ ལ་ལོ་ཅིག་ ནང་འཁོད་རྩུབ་སྤྱོད་དང་ ཕོ་མོའི་བར་ན་ འཐབ་འཛིང་བྱུང་མི་ལུ་བརྟེན་ཏེ་ རག་སྲོག་བཅད་དོ་ཡོདཔ་སྦེ་ཨིན་པས།

ན་ཧིང་ མི་༡༥ གིས་ སེམས་ཁམས་ཀྱི་ནད་གཞི་ལུ་བརྟེན་ རང་སྲོག་བཅད་ཡོདཔ་ད་ དེའི་གྲས་ལས་༦ གིས་ ཆང་འཐུང་མི་ལུ་བརྟེན་ཏེ་ཨིན་པས།

མི་གྲངས་༩ གིས་ ཕོ་དང་མོའི་བར་ན་ དཀའ་ངལ་བྱུང་མི་དང་ ནང་འཁོད་རྩུབ་སྤྱོད་ལུ་བརྟེན་ཏེ་ རང་སྲོག་བཅད་ཡོདཔ་ཨིན་པས།

ཡེ་ཤེས་དབང་འདུས་ཀྱིས་འབད་བ་ཅིན་ སེམས་ཁམས་ནད་གཞི་ཐོབ་མིའི་ཐད་ཁར་ ཁ་བཀོད་བསླབ་བྱ་ཚུ་བྱིན་ཞིནམ་ལས་ བཅོ་ཐབས་འབད་ནིའི་ གོ་སྐབས་ཡོད་དེ་འབད་རུང་ ཕོ་མོའི་བར་ན་ འཐབ་འཛིང་འབད་མིའི་ དཀའ་ངལ་དེ་ བཅོ་ཐབས་མེདཔ་ལས་ གདོང་ལེན་སྦོམ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *