རྒྱལ་ཁབ་ནང་ ཞོ་ཡོ་གཊ་གི་ཚོང་འབྲེལ་ ལེགས་ཤོམ་འགྱོ་དོ་ཡོདཔ།

༉ ད་རེས་ནངས་པར་ སོ་ནམ་ལྷན་ཁག་གིས་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཞོའི་རིགས་ ཡོ་གཊ་ཟེར་མི་དེ་ གོང་འཕེལ་འགྱོ་དོ་ཡོདཔ་བཞིན་དུ་ ད་རེས་ ཡོ་གཊ་དེ་ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ བཟོ་དོ་ཡོདཔ་ཨིན་པས།
ཞོའི་གུ་ དེང་སང་གི་ མངར་ཟས་ལ་སོགས་པ་ཚུ་ བླུགས་ཐོག་ལས་ གྱིབ་ཧོད་ནང་བསྡམས་ཏེ་ ཡོ་གཊ་བཟོ་དོ་ཡོདཔ་ད་ ཞོ་གིས་ གཟུགས་ཁམས་ལུ་ ཁེ་ཕན་ཡོད་པའི་ལོ་རྒྱུས་དང་ ཕྱིའི་རྒྱལ་ཁབ་ལས་ཐོན་མི་ ཡོ་གཊ་དང་ དབྱེ་བ་ག་ནི་ཡང་ མེདཔ་ཨིན་པས།
ཡོ་གཊ་དེ་ ས་གནས་མང་ཤོས་ཅིག་ནང་ བཟོ་མིའི་གྲས་ལས་ གཅིག་ འཕྲལ་ཁམས་ཅིག་ཁར་འགོ་བཙུགས་མི་ གསར་སྤང་རྫོང་ཁག་ བདེ་སྐྱིད་གླིང་ལུ་ གཞི་བཙུགས་འབད་མི་ ཡོ་གཊ་ཚོང་ལས་ཀྱི་ ཡོ་གཊ་དེ་ ལེགས་ཤོམ་སྦེ་ར་ དར་ཁྱབ་སོང་ཡོདཔ་ད་ དེ་ནང་ལས་ཐོབ་མི་ ཡོ་གཊ་དེ་ ད་རེས་ དགེ་ལེགས་ཕུག་དང་ རྩི་རང་གི་ཁྲོམ་ནང་ ཐོབ་ཚུགས་དོ་ཡོདཔ་ཨིན་པས།
ཡོ་གཊ་དེ་ གསར་སྤང་ལུ་ཡོད་པའི་ སོ་ནམ་པ་༡༧༢ འབད་མི་ སྡེ་ཚན་དེ་གིས་ བཟོ་དོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༨ ལུ་ གཞི་བཙུགས་འབད་མི་ བློ་མཐུན་ཨོམ་སྡེ་ཚན་གྱིས་ ལོ་ལེ་ཤ་ཅིག་ ཨོམ་དང་དེའི་ཐོན་སྐྱེད་ མར་དང་དར་ཚིལ་ལ་སོགས་པ་ཚུ་ ཚོང་འབྲེལ་འཐབ་སྡོད་པའི་བར་ན་ འཕྲལ་ཁམས་ཅིག་ཁར་ལས་ ཡོ་གཊ་ཡང་ བཟོ་ནི་འགོ་བཙུགས་ནུག།
སྡེ་ཚན་གྱི་འཐུས་མི་ རཱམ་ཀུ་མར་ ག་ལེ་གིས་ སླབ་མིའི་ནང་ ད་རེས་ ས་གནས་ཀྱི་མི་ཚུ་གིས་ ཡོ་གཊ་ལུ་ ངོས་ལེན་འབད་ཐངས་ལུ་ལྟ་བ་ཅིན་ ཡོ་གཊ་གི་ཚོང་འབྲེལ་དེ་ ལེགས་ཤོམ་འགྱོ་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ དེ་ཡང་ ཕྱི་ལས་ནང་འདྲེན་འཐབ་མི་ ཡོ་གཊ་དེ་ རྫས་སྦྱོར་ལག་ལེན་འཐབ་ཐོག་ལས་ བཟོ་ཡོད་པའི་ དོགས་པ་ལུ་བརྟེན་ ནང་འཁོད་ཀྱི་ཡོ་གཊ་ལུ་ སྤྲོ་བ་བསྐྱེད་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྡེ་ཚན་དེ་གིས་ ཨོམ་དང་ མར་ དར་ཚིལ་ དེ་ལས་ ཡོ་གཊ་གི་དོན་ལུ་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༥༠༠ དེ་རེ་དགོ་མི་དེ་ ད་ཚུན་ སྡེ་ཚན་གྱི་འཐུས་མི་ཚུ་གིས་ར་ ཐོན་སྐྱེད་འབད་ཚུགས་ཡོད་རུང་ ཚོང་འབྲེལ་དེ་ རྒྱ་སྐྱེད་འབད་བའི་སྐབས་ ཨོམ་དེ་གཞན་ཁར་ལས་ཡང་ ལེན་དགོཔ་འཐོན་ནི་འོང་ཟེར་ཨིན་པས།
ཡོ་གཊ་བཟོ་ནི་ལུ་ ཐིམ་ཕུག་འོད་གསལ་སྤང་ལུ་ཡོད་པའི་ རྒྱལ་ཡོངས་སྒོ་ནོར་ཞིབ་འཚོལ་ལྟེ་བ་དང་ གསར་སྤང་རྫོང་ཁག་གི་སྒོ་ནོར་སྡེ་ཚན་ དེ་ལས་ གཞལམ་སྒང་ལུ་ཡོད་པའི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་གིས་ མཉམ་འབྲེལ་ཐོག་ལས་ ཁྱད་རིག་དང་སྦྱོར་བརྡར་ དེ་ལས་ འཕྲུལ་ཆས་ཀྱི་རྒྱབ་སྐྱོར་ཚུ་འབད་ནུག།
ཡོ་གཊ་དེ་ མོང་སྒར་གྱི་སོ་ནམ་པ་སྡེ་ཚན་ཅིག་གིས་ཡང་ བཟོ་དོ་ཡོད་མི་དེ་ རྫོང་ཁག་དེ་ནང་ ལེགས་ཤོམ་སྦེ་ ཚོང་འབྲེལ་འཐབ་ཚུགས་དོ་ཡོདཔ་ལས་ སྡེ་ཚན་དེ་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཡོ་གཊ་བཟོ་ནིའི་གནས་སྐབས་དེ་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱིས་ བཏོན་ཡོདཔ་མ་ཚད་ འཕྲུལ་ཆས་གཞི་བཙུགས་འབད་ནིའི་རྒྱབ་སྐྱོར་ཡང་ སྡེ་ཚན་དེ་གིས་ རྒྱབ་སྐྱོར་འབད་བྱིན་ཡོདཔ་ད་ ད་རེས་ ཡོ་གཊ་ཚུ་ ཐིམ་ཕུག་ལུ་ཡང་ ཚོང་འབྲེལ་འཐབ་ཚུགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ འགོ་བཙུགས་འབད་བའི་སྐབས་ ཡོ་གཊ་རེ་ལུ་ དངུལ་ཀྲམ་༢༣ སྦེ་ ཚོང་འབྲེལ་འཐབ་མི་དེ་གིས་ ད་རེས་ ལོ་བསྟར་བཞིན་དུ་ འོང་འབབ་ དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་རེ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ ཡོ་གཊ་བཟོ་སྟེ་ ཚོང་འབྲེལ་འཐབ་མི་ལུ་ སོ་ནམ་པ་ཚུ་གིས་ སྤྲོ་བ་ཐེབས་བསྐྱེད་མི་དེ་ཡང་ དེ་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ནི་དེ་གིས་ཨིནམ་མ་ཚད་ ཁོང་ལུ་ གཞུང་གིས་ རྒྱབ་སྐྱོར་ལེགས་ཤོམ་སྦེ་ བྱིན་ནི་དེ་གིས་ཨིན་མས་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *