ཁ་ཙ་ སློབ་སྦྱོང་ས་ཁོངས་༧ ལས་ ཤོ་ཐེངས་༥༤ པའི་དུས་ཐུང་བདེ་སྲུང་སྦྱོང་བརྡར་ལས་རིམ་ མཇུག་བསྡུ་ཡོདཔ་ཨིན་པས།
ཤོ་ཐེངས་༥༤ པའི་ནང་ ཕོ་སྐྱེས་༡,༡༧༣ དང་ ཨམ་སྲུ་༡,༠༨༧ འབདཝ་ད་ ངོ་རྐྱང་བསྡོམས་༢,༢༦༠ གིས་ བསམ་རྩེ་བརྟན་འབྲུག་བྱང་སེང་༡ པ་དང་ བཀྲིས་ཆོས་གླིང་བྱ་སེང་༥ པ་ དགེ་ལེགས་ཕུག་བྱང་སེང་༩ པ་ བདེ་བ་ཐང་བྱ་སེང་༡༠ པ་ དེ་ལས་ འཇིགས་མེད་གླིང་ཁྲིམས་སྲུང་འགག་པའི་ དམག་སྦྱོང་སྤེལ་ཁང་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་ནང་ སྦྱོང་བརྡར་འབད་ཡོདཔ་བཞིན་དུ་ སྦྱོང་བརྡར་པ་ཚུ་ ལཱ་གཡོག་མེད་མི་ ན་གཞོན་དང་ དམའ་ཤོས་སློབ་རིམ་༨ པའི་ ཤེས་ཚད་ཡོད་མི་ཨིན་པས།
བདུན་ཕྲག་༣ གྱི་རིང་ སྦྱོང་བརྡར་འབད་མི་ བདེ་སྲུངཔ་༢,༢༦༠ བརྩིས་ཏེ་ ད་རེས་ རྒྱལ་ཁབ་ནང་ བདེ་སྲུང་པའི་གྱངས་ཁ་ ཕོ་སྐྱེས་༢༡,༠༠༨ དང་ ཨམ་སྲུ་༡༣,༩༣༡ འབདཝ་ད་ བདེ་སྲུངཔ་༣༤,༩༣༩ ཨིན་པས། ཁ་ཙ་ ཤོ་ཐེངས་༥༤ པའི་ བདེ་སྲུང་མཇུག་བསྡུའི་ རྟེན་འབྲེལ་ནང་ བསམ་རྩེ་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཡོདཔ་ད་ ས་གོ་གཞན་ཚུ་ནང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ སོ་ནམ་བློན་པོ་ ནང་སྲིད་བློན་པོ་ ལཱ་གཡོག་བློན་པོ་ དེ་ལས་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།
