རྒྱལ་ཁབ་ནང་ ཕྱིའི་ལས་མི་༥༣,༠༠༠ ལྷགཔ་ཅིག་ཡོདཔ།

༉ མ་གཞི་ རྒྱལ་ཁབ་ནང་ བཏོན་ནི་གི་ ཕྱིའི་ལས་མིའི་ ཚད་གཞི་དེ་༤༥,༠༠༠ ཨིན་རུང་ གཞུང་གིས་ ལས་མི་༨,༠༠༠ ཐེབས་བཙུགས་མི་ལུ་བརྟེན་ ད་རེས་ ཕྱིའི་ལས་མིའི་གྱངས་ཁ་༥༣,༠༤༢ ལུ་ ལྷོད་དེ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ནང་སྲིད་དང་ སྲོལ་འཛིན་བློན་པོ་ ཟླ་བ་རྒྱལ་མཚན་ལུ་ བཀྲིས་གཡང་རྩེའི་འཐུས་མི་ བཀྲིས་ཕུན་ཚོགས་ཀྱིས་ ཕྱིའི་ལས་མི་དང་ ཕྱི་མི་ནང་སྐྱོད་ཚུ་ རྒྱལ་ཁབ་ནང་ ཁྲིམས་འགལ་ཐོག་ འོང་མིའི་སྐོར་ དྲི་བ་ཞུ་ཡི།
ནང་སྲིད་བློན་པོ་གིས་ ཕྱིའི་ལས་མིའི་ ཚད་གཞི་༤༥,༠༠༠ བཟོ་ཡོད་མི་ལས་ གྱངས་ཁ་ཡར་སེང་སོང་མི་དེ་ཡང་ སྤུ་ན་གཙང་ཆུ་༡ པ་དང་༢ པ་ མང་སྡེ་ཆུ་ དེ་ལས་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ཚུ་ལུ་བརྟེན་ རྒྱ་གར་གྱི་ ལས་མི་ཚུ་ མང་སུ་ རྒྱལ་ཁབ་ནང་ ནང་འདྲེན་འབད་འདགོཔ་ ཐོན་ནུག་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༠༢ དང་ཕྱདཔ་ད་ ད་རེས་ནངས་པར་ དཔལ་འབྱོར་གནས་སྟངས་ ཡར་དྲག་དང་ བཟོ་སྐྲུན་གྱི་ ལས་སྣ་ཚུ་ ཡར་འཕར་འགྱོ་མི་ལུ་བརྟེན་ ཨིན་མས་ཟེར་ བློན་པོ་གིས་ཞུ་ཡི།
ཨིན་རུང་ གློག་མེ་འཕྲུལ་ཁང་ཚུ་ མཇུག་བསྡུ་བའི་བསྒང་ལས་ ཕྱི་མི་གྱངས་ཁ་དེ་ མར་འབབ་འགྱོ་ནི་ཨིནམ་ལས་ ཚད་གཞི་དེ་ ཡར་སེང་མ་འབད་བར་ བཞག་སྟེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ཚད་གཞི་དེ་ ཡར་སེང་འབད་བ་ཅིན་ ཕྱིའི་ལས་མི་ཚུ་ ཧེ་མ་བ་ལྷགཔ་སྦེ་ འཛུལ་ནི་གི་ གོ་སྐབས་ཡོད་ནི་དེ་གིས་ རྒྱལ་ཁབ་ཀྱི་ རང་བཙན་ལུ་ ཉེན་ཁ་ཡོདཔ་ལས་ ཡར་སེང་འབད་མ་ཚུགས་ཟེར་ཞུ་ཡི།
ལས་གཡོག་དང་ ནང་སྲིད་ལྷན་ཁག་གིས་ སྤྱི་ལོ་༢༠༠༤ ལུ་ འཚོགས་ཡོད་པའི་ ཞལ་འཛོམས་ལུ་ གཞི་བཞག་སྟེ་ ཕྱིའི་ལས་མི་ཡོངས་བསྡོམས་༥༣,༠༤༢ ནང་ ཌཱན་ཊག་ལས་འགུལ་དང་ ཨིམ་ཊཱཊ་གི་ སྒྲིག་གོ་མེད་པའི་ མི་ངོ་༣,༨༡༡ དང་ འཛམ་གླིང་རྒྱལ་སྤྱིའི་ཡིག་ཚང་ནང་ ལཱ་འབད་མི་༣༢༢ ཡོད་མི་དེ་ ཐོ་བཀོད་མ་འབད་བར་ཡོད་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༤ ཚུན་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ ཨེམ་ཊཱཊ་དང་ ཌཱན་ཊག་ལས་འགུལ་གྱི་ ལས་མི་ཚུ་དང་བརྟེན་སྡོད་མི་ བཟའ་ཚང་དང་ སྤུན་ཆ་༡,༨༧༥ དེ་ཅིག་འདུག་ཟེར་ཨིན་པས།
ཚོགས་སྡེ་གིས་ ཨིམ་ཊཱཊ་དང་ ཌཱན་ཊག་ལས་འགུལ་ཚུ་ ཕྱིའི་ལས་མི་ལམ་ལུགས་ནང་ བཙུགས་དགོ་པའི་ གྲོས་འདེབས་བཀོད་མི་ལུ་བརྟེན་ དེ་འཕྲོ་ལས་ དམག་སྡེའི་ཁ་ཐུག་ལས་ གྲོགས་རམ་འཚོལ་ཏེ་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༢ ལས་ ཐོ་བཀོད་ནང་བཙུགས་ནི་ འགོ་བཙུགས་ཅི་ཟེར་ བློན་པོ་གིས་ ཞུ་ཡི།
སྒྲིག་གོ་མེད་མི་ ཕྱིའི་ལས་མི་ཚུ་ ལམ་ལུགས་ནང་ སྤྱི་ལོ་༢༠༠༢ ལས་ར་ བཙུགས་ནི་གི་ དཔའ་བཅམ་ཡོད་རུང་ ན་ཧིང་ལས་རྐྱངམ་གཅིག་ བཙུགས་ཚུགས་མི་ལུ་བརྟེན་ རྒྱལ་རབས་ཅན་གྱི་ གྲུབ་འབྲས་བྱུང་ཚུགས་ཅི་ཟེར་ཞུ་ཡི།
དེ་མ་ཚད་ ཆུ་ཁ་དང་ འདམ་ཆུ་བར་ནའི་ ཕྲང་ལམ་དེ་ སེལ་ཚར་བའི་བསྒང་ལས་ ཕྱིའི་ལས་མི་ཕྱེད་ཀ་དེ་ཅིག་ མར་འབབ་འགྱོ་ནི་ཨིནམ་ལས་ ཚད་གཞི་བཟོ་དགོཔ་ མ་མཐོང་ཟེར་ བློན་པོ་གིས་ ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེ་གིས་ ལས་མི་དང་ ཕྱི་མི་ནང་སྐྱོད་ཚུ་ ཁྲིམས་འགལ་ཐོག་ལས་ རྒྱལ་ཁབ་ནང་ འཛུལ་མི་ལུ་ གལ་གནད་ཅན་ཅིག་སྦེ་ བརྩི་འཇོག་ཐོག་ གྲོས་འཆར་ཕུལ་མི་དེ་ གཞུང་གིས་ ལག་ལེན་འཐབ་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཞུ་བའི་ཁར་ ཌཱན་ཊག་ལས་འགུལ་དང་ ཨིམ་ཊཱཊ་གི་ཁ་ཐུག་ལས་ སྒྲིག་གོ་མེད་མི་ ལས་མི་ཚུ་ཡང་ འབྲུག་གི་ཕྱིའི་ལས་མི་ནང་སྐྱོད་དང་ ལས་མི་བཅའ་ཁྲིམས་དང་འཁྲིལ་ཏེ་ མཉམ་འབྲེལ་འབད་མི་དེ་ལུ་ཡང་ ངལ་རངས་ཡོད་ལུགས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *