རྒྱལ་ཁབ་ནང་ ཕྱི་མི་སྡོད་བཅུག་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༉ ཕུན་ཚོགས་གླིང་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ ནེ་པཱལ་གྱི་ས་གནས་ ཇཱ་པ་ལུ་སྡོད་མི་ ཨམ་སྲུ་ཅིག་ རྒྱལ་ཁབ་ནང་ སྡོད་བཅུག་ནིའི་དོན་ལུ་ ཆ་རོགས་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།

འཁྲུན་ཆོད་དང་འཁྲིལཝ་ད་ ཆུ་ཁ་རྫོང་ཁག་ ཤར་ཕུག་གཡུས་ཚན་ལས་ཨིན་མི་ མ་ཧ་ བིར་ རའི་གིས་ ཇཱ་པ་ལུ་སྡོད་མི་ སཱན་ཏི་མོང་སྒར་དེ་ ཁྲིམས་འགེལ་ཐོག་ལས་ རྒྱལ་ཁབ་ནང་འཛུལ་ནིའི་དོན་ལུ་ ཆ་རོགས་འབད་ནུག་ཟེར་བཀོད་ནུག།

ཉེས་འཛུགས་ཅན་གྱིས་ ཁྲིམས་འདུན་ལུ་ སཱན་ཏི་མོང་སྒར་ལུ་ རྒྱལ་ཁབ་ནང་ སྡོད་ནིའི་དོན་ལུ་ ཡིག་ཆ་ཚུ་ག་ནི་ཡང་མེད་རུང་ ཁོ་རའི་གཉེན་གྲོགས་སྦེ་ བཞག་ནིའི་དོན་ལུ་ ཆ་རོགས་འབད་དེ་ སྡོད་བཅུག་མི་དེ་ བདེན་ཟེར་ཞུ་ནུག།

ཁོ་ར་ མི་གནགཔ་ཅིག་འབདཝ་ལས་ རྒྱལ་ཁབ་ཀྱི་ཁྲིམས་མ་ཤེས་པར་ དེ་བཟུམ་འབད་མི་དེ་ལུ་ ཁྲིམས་འདུན་གྱིས་ ཉེས་ཁྲིམས་ག་དེས་ཉུང་ཉུང་ཅིག་ བཀལ་ཐབས་འབད་དགོ་པའི་ ཞུ་བ་ཕུལ་ནུག།

ཁོ་གིས་ སཱན་ཏི་མོང་སྒར་དེ་ སྤྱི་ལོ་༢༠༡༧ གྱི་ཟླཝ་༧ པའི་ནང་ རྒྱལ་ཁབ་ནང་ཁྱིད་འོང་ཞིནམ་ལས་ ཁོ་ར་དང་གཅིག་ཁར་ བཞག་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་འབད་མི་ བྱ་ངན་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་དོན་ཚན་༨༣ གྱི་དགོངས་དོན་ལྟར་ གཞིས་སྤོ་སྐྱེལ་འདྲེན་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

ཁོ་ལུ་ ཧེ་མ་ དེ་བཟུམ་འབད་བའི་ རྗེས་ཐོ་མེདཔ་ལས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་བཅའ་ཁྲིམས་དོན་ཚན་༢༡༡ པ་ལྟར་ ལོ་༣ གྱི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཀྱི་ངོ་ཚབ་ཀྱིས་ ཁོ་གིས་འབད་མི་བྱ་ངན་དེ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༤༤༤ པ་དང་འགེལ་ཡོདཔ་ལས་ ཁྲིམས་དེབ་དེའི་དོན་ཚན་༤༤༥ པ་དང་འཁྲིལ་ དབྱེ་རིམ་༤ པའི་ཉེས་ཁྲིམས་ བཙོན་ཁྲིམས་དམའ་ཤོས་ལོ་༣ ལས་ མཐོ་ཤོས་ལོ་༥ འོག་རྒྱུ་ བཀལ་དགོ་པའི་ཞུ་བ་འབད་ཡོདཔ་ཨིན་པས།

ཁྲིམས་དེབ་དེའི་དོན་ཚན་༤༤༥ པ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་ཅིག་གིས་ གཞིས་གནས་སྤོ་མི་དེ་ལུ་ ཁྲིམས་འགེལ་ཐོག་ རྒྱལ་ཁབ་ནང་འཛུལ་ཐབས་ལུ་ སྡོང་ཟླ་དང་ ཡང་ན་ ཐབས་ཤེས་བཏོན་པ་ཅིན་ རྩོད་ཟླ་དེ་ ཁྲིམས་འགེལ་ཐོག་ གཞིས་སྤོ་སྐྱེལ་འདྲེན་གནོད་འགེལ་གྱི་ སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *