རྒྱལ་ཁབ་ནང་ པེ་ཊཱོལ་དང་ ཌི་ཟིལ་མར་ཁུའི་གོང་ཚད་ ཡར་སེང་སོང་ཡོདཔ།

༉ འདས་པའི་ཟླཝ་ལས་ རྒྱ་གར་རྒྱལ་ཁབ་ཀྱི་ མངའ་སྡེ་ཆ་མཉམ་ནང་ མར་ཁུའི་གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ སྤྱི་ཟླ་༦ པའི་ཚེས་༡ ལས་ འབྲུག་ལུ་ཡང་ པེ་ཊཱོལ་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༣.༢ དང་ ཌི་ཟིལ་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༢.༥ རེ་ ཡར་སེང་སོང་ནུག།
ད་ལྟོ་ ཐིམ་ཕུག་ལུ་འབད་བ་ཅིན་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༥.༣༩ རེ་དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༣.༢༩ རེ་ གནས་དོ་ཡོདཔ་ད་ ཕུན་ཚོགས་གླིང་ལུ་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༣.༠༥ རེ་དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༡.༡༩ རེ་ གནསཔ་ཨིན་པས།
ད་རེས་ མར་ཁུའི་གོང་ཚད་ ཡར་འཛེགས་མི་དེ་ དུས་ཅི་ལོ་ནང་ གོང་ཚད་མཐོ་ཤོས་ཅིག་ཨིན་པས།
དུས་ཅི་ སྤྱི་ཟླ་དང་པའི་ནང་ མར་ཁུའི་གོང་ཚད་ མར་བབས་སོང་པའི་ཤུལ་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གོང་ཚད་ཚར་༦ ཡར་སེང་སོང་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༡ ལུ་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༠.༩༦ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༡.༠༥ མར་བབས་སོང་ནུག།
འདས་པའི་ཟླཝ་༦ གི་ ནང་ཁོད་ལུ་ པེ་ཊཱོལ་གྱི་གོང་ཚད་ ལན་ཐེངས་༡༠ ཡར་སེང་དང་ ལན་ཐེངས་༣ མར་བབས་སོང་ཡོདཔ་ད་ ད་ལྟོ་འབད་བའི་བསྒང་ལས་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༡༡.༢༨ ཡར་འཛེགས་སོ་ནུག།
དེ་བཟུམ་སྦེ་ ཌི་ཟིལ་གྱི་གོང་ཚད་ ལན་ཐེངས་༡༡ ཡར་སེང་དང་ ལན་ཐེངས་༣ མར་བབས་སོང་པའི་ཤུལ་ལུ་ ཌི་ཟིལ་གྱི་གོང་ཚད་ ལི་ཊར་རེ་ལུ་ དངུལ་ཀྲམ་༡༢.༦༧ ཡར་སེང་སོང་ནུག།
མེ་རླུང་རྒྱ་རྫིའི་ གོང་ཚད་དེ་ ཡར་མར་མ་འགྱོ་བར་ ཅོག་འཐདཔ་སྦེ་ གནས་ཡོད་རུང་ ས་མར་ཁུའི་གོང་ཚད་ ཕྱེད་ཀྲམ་༢༦ ཡར་སེང་སོང་ནུག། ད་ལྟོ་ ཐིམ་ཕུག་ལུ་ ས་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༣༡.༧༧ རེ་ གནསཔ་ཨིན་པས།
སྤྱི་ཟླ་དང་པའི་ཚེས་༡༦ ཚུན་ཚོད་ ས་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༢༩.༤༡ ཨིན་རུང་ དེ་གི་ཤུལ་ལས་ གོང་ཚད་ཚར་༡༠ ཡར་འཕར་སོང་ཡོདཔ་ཨིན་པས།
འབྲུག་ས་སྣུམ་བཀྲམ་སྤེལ་གྱི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ ས་མར་ཁུའི་ གོང་ཚད་དེ་ དུས་རྒྱུན་དུ་ ཕྱེད་ཀྲམ་༢༦ དང་༢༧ དེ་རེ་ ཡར་འཛེགས་འགྱོཝ་མས་ཟེར་ཨིན་པས།
རྒྱ་གར་གྱི་ བརྡ་བརྒྱུད་ནང་ སྤྱི་ཟླ་༦ པའི་ཚེས་༡ ལས་ རྒྱ་གར་རྒྱལ་ཁབ་ནང་ ཕབ་ཆག་ཡོད་མི་ མེ་རླུང་གེསི་གི་ གོང་ཚད་དངུལ་ཀྲམ་༢.༣༤ དང་ ཕབ་ཆག་མེད་མི་ མེ་རླུང་གེསི་ཚུ་ དངུལ་ཀྲམ་༤༨ ཡར་སེང་སོང་ཡོདཔ་སྦེ་བཀོད་ནུག།
ལྡི་ལི་ལུ་ ཕབ་ཆག་ཡོད་མི་ མེ་རླུང་གེསི་རེ་ལུ་ དངུལ་ཀྲམ་༤༩༣.༥༥ དང་ ཕབ་ཆག་མེད་མི་ གེསི་རེ་ལུ་ དངུལ་ཀྲམ་༦༩༨.༥ སྦེ་ བཙོང་དོ་ཡོདཔ་ཨིན་པས།
ཀཱོལ་ཀ་ཏ་དང་ ཅེ་ནའི་ མོམ་བཱ་ཡེ་ཁྲོམ་སྡེ་ཚུ་ནང་ཡང་ མེ་རླུང་གེསི་གི་ གོང་ཚད་ཡར་སེང་སོང་ཡོདཔ་ད་ འཛམ་གླིང་མར་ཁུའི་གོང་ཚད་ ཡར་མར་འགྱོ་མི་དེ་གིས་ འབྲུག་ལུ་ཡང་ ས་སྣུམ་གྱི་གོང་ཚད་ ཉིན་བསྟར་བཞིན་དུ་ ཡར་མར་འགྱོ་དོ་ཡོདཔ་ཨིན་པས།
ན་ཧིང་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༥.༥༤ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༥༨.༦༧ རེ་སྦེ་ བཙོང་མི་དེ་ གོང་ཙད་མཐོ་ཤོས་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *