རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ རྩ་མེད་སོང་ཡོདཔ་ཨིན་ན་?

༉ ད་རེས་ནངས་པ་ འབྲུག་རྒྱལ་ཁབ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་དེ་ རྩ་མེད་སོང་ཡོདཔ་བཟུམ་སྦེ་ གནས་སྟངས་ལུ་ གྱུར་ནུག་ཟེར་ཞུ་ནི།

འཕྲལ་ཁམས་ཅིག་ཁར་ གཞུང་གིས་ མི་སྤུངས་འཛོམས་འབད་ནི་དང་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཆོགཔ་སྦེ་ བཟོ་མི་དང་བསྟུན་ ད་རེས་ མི་ཚུ་གིས་ ཀོ་བིཌ་-༡༩ འི་སྒྲིག་གཞི་ཚུ་ཡང་ སྣང་མེད་བསྐྱུར་བཞག་དོ་བཟུམ་མཐོངམ་མས་ཟེར་ཞུ་ནི།

གཞུང་གིས་འབད་བ་ཅིན་ ལས་རིམ་དེ་ཚུ་ ལག་ལེན་འཐབ་པའི་སྐབས་ ཀོ་བིཌ་-༡༩ འི་སྒྲིག་གཞི་ཚུ་ ལག་ལེན་འཐབ་དགོཔ་སྦེ་ གསལ་བསྒྲགས་འབད་ཡོད་རུང་ ལག་ལེན་མི་འཐབ་པས་ཟེར་ཞུ་ནི།

དེ་མ་ཚད་ མི་ཚུ་གིས་ ཁྲོམ་དང་ མི་མང་འགྲུལ་འཁོར་བཱསི་ དེ་ལས་ གླ་འཁོར་ཚུ་ནང་ འགྱོ་བའི་སྐབས་ ཧེ་མ་བཟུམ་སྦེ་ ཀོ་བིཌ་-༡༩ ལུ་ འཚེར་སྣར་བསྐྱེད་དེ་ ཁ་རས་ཚུ་ཡང་ ལེགས་ཤོམ་སྦེ་ ལག་ལེན་མ་འཐབ་པའི་ཁར་ དུས་རྒྱུན་ལགཔ་ཆུ་འཁྱུ་ནི་ཚུ་ཡང་ མི་འབད་བས་ཟེར་ཞུ་ནི།

དེ་མ་ཚད་ ཚོང་ཁང་ཚུ་གི་གདོང་ཁར་ ལགཔ་ཆུ་འཁྱུ་ནི་གི་ ཧོད་ཚུ་ལུ་བལྟ་རུང་ ཆུ་མེད་པའི་ཁར་ རྩི་བདག་མེད་སྦེ་ བཞག་དོ་བཟུམ་མཐོངམ་མས་ཟེར་ཞུ་ནི།

དེ་འབདཝ་ལས་ ད་རེས་ ཀོ་བིཌ་-༡༩ འི་གནས་སྟངས་དེ་ ལེགས་ཤོམ་འགྱོ་བའི་བསྒང་ཡོདཔ་ལས་ ཉེན་སྲུང་གི་ སྒྲིག་གཞི་དེ་ ལེགས་ཤོམ་སྦེ་ ལག་ལེན་མ་འཐབ་པ་ཅིན་ ད་རུང་ ནད་ཡམས་དེ་ མེ་འབར་དོ་བཟུམ་ འཕྱལ་འགྱོ་ནིའི་ ཉེན་ཁ་སྦོམ་སྦེ་ར་འདུག་ཟེར་ཞུ་ནི།

དེ་བཟུམ་སྦེ་ ཀོ་བིཌ་-༡༩ ཐོབ་སྟེ་ དྲག་མི་ཚུ་གིས་ ད་རུང་ ཀོ་བིཌ་-༡༩ མི་འཐོབ་ནི་བཟུམ་སྦེ་ སྣང་དག་ག་ནི་ཡང་མེད་པར་ ཉེན་སྲུང་གི་ སྒྲིག་གཞི་ཚུ་ ལག་ལེན་མ་འཐབ་པར་ སྡོད་མི་ཚུ་ཡང་འདུག་ཟེར་ཞུ་ནི།

ཚན་རིག་གི་ བརྟག་དཔྱད་ཚུ་ནང་འབད་བ་ཅིན་ ནད་ཡམས་དེ་ ལོག་ཐོབ་པ་ཅིན་ ནད་གཞི་གཞན་འཐོབ་ནི་གི་ ཉེན་ཁ་ཡོདཔའི་སྐོར་ལས་ཡང་ བཤད་དེ་ཡོདཔ་ལས་ ཉེན་སྲུང་དང་ལྡནམ་སྦེ་ སྡོད་དགོཔ་དེ་ གལ་ཅན་ཅིག་ཨིན་མས་ཟེར་ཞུ་ནི།

མི་ཚུ་གི་ མཐོང་སྣང་ལས་འབད་བ་ཅིན་ གསོ་བའི་ལྷན་ཁག་གིས་ ཉིན་བསྟར་གྱི་ དུས་མཐུན་སྙན་ཞུ་ནང་འབད་རུང་ ཀོ་བིཌ་-༡༩ ཐོབ་མི་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་ལས་ ཉེན་སྲུང་གི་ སྒྲིག་གཞི་དེ་ ལག་ལེན་མ་འཐབ་རུང་བཏུབ་སྦེ་ མཐོངམ་མས་ཟེར་ཞུ་ནི།

ད་རེས་ ལྷན་ཁག་གིས་ དུས་མཐུན་འབད་མི་དེ་ བརྟག་དཔྱད་འབད་བར་འོང་མི་ རྐྱངམ་གཅིག་ཨིནམ་ལས་ མི་སྡེ་ནང་ མི་ག་དེམ་ཅིག་གིས་ ཐོབ་སྟེ་ཡོདཔ་ཨིན་ན་ སླབ་མི་ཤེས་ནི་མས་ཟེར་ཞུ་ནི། ས་མཚམས་ཁ་ལས་ འོང་མི་ཚུ་ཡང་ ཟུར་བཞག་ཁང་ནང་ སྡོད་མ་དགོཔ་སྦེ་ བཟོ་ཡོདཔ་ལས་ མགྱོགས་དྲགས་བསྒྱུར་བཅོས་འགྱོ་བའི་ ནད་གཞི་གཞན་ཚུ་ འཐོབ་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ཞུ་ནི།

འཛམ་གླིང་ནང་ ནད་ཡམས་དེ་ ཚད་འཛིན་འབད་མ་ཚུགས་པར་ཡོདཔ་ལས་ ནད་གཞི་ལེགས་ཤོམ་སྦེ་ མ་ཞི་ཚུན་ ག་ར་གིས་ ཉེན་སྲུང་གི་ ཐབས་ལམ་ཚུ་ ཚུལ་དང་མཐུན་སྦེ་ ལག་ལེན་འཐབ་དགོཔ་འདུག་ཟེར་ཞུ་ནི།

བསོད་ནམས། 

བུམ་ཐང་།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *