༉ དུས་ཅི་ སྤྱི་ཟླ་༨ པའི་ནང་འཁོད་ལུ་ རྒྱལ་སྤྱི་གསོག་འཇོག་མ་དངུལ་ ཡུ་ཨེསི་ཌོ་ལར་ཐེར་འཐུམ་༡.༡ འབདཝ་ད་ རུ་པི་ཐེར་འབུམ་༢༠.༥ ཡོད་མི་ལས་ བརྗེ་སོར་འབད་བཏུབ་མི་ ཡུ་ཨེས་ཌོ་ལར་ས་ཡ་༨༡༧ དེ་ཅིག་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ འགོ་བཙུགས་ཁམས་ལུ་ གསོག་འཇོག་རུ་པི་ཐེར་འབུམ་༢༣ ལུ་ལྷོད་མི་དེ་ ལོ་དེ་ནང་ མཐོ་ཤོས་ཨིནམ་བཞིན་དུ་ སྤྱི་ཟླ་༢ པའི་ནང་ ཐེར་འབུམ་༡༧ ལས་ སྤྱི་ཟླ་༤ པའི་ནང་ ཐེར་འབུམ་༡༡ ལུ་ མར་བབས་སོང་རུང་ འགྲོས་ཀྱིས་སྦེ་ ཡར་སེང་སོང་ཡི་ཟེར་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཟླ་རིམ་གནས་སྡུད་ནང་བཀོད་ནུག།
བརྗེ་སོར་འབད་བཏུབ་པའི་ གསོག་འཇོག་ཐད་ཀར་ དུས་ཅི་ སྤྱི་ཟླ་དང་པའི་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༨༠༢ ལས་ ཡུ་ཨེསི་ཌོ་ལར་ས་ཡ་༨༡༧ ལུ་ ཡར་སེང་སོང་ཡོདཔ་ད་ གསོག་འཇོག་མ་དངུལ་དེ་གིས་ ཟླཝ་༡༤.༣ དེ་ཅིག་ ཚོང་ཆས་ནང་འདྲེན་འབད་ནི་ལུ་ ལང་ཡོདཔ་མ་ཚད་ བརྗེ་སོར་འབད་བཏུབ་པའི་ གསོག་འཇོག་མ་དངུལ་རྐྱངམ་གཅིག་གིས་ ཟླཝ་༧༥.༦ དེ་ཅིག་གི་ ཡུ་ཨེས་ཌོ་ལར་ཐོག་ལས་ ཚོང་ཆས་ཚུ་ ནང་འདྲེན་འཐབ་ནི་ལུ་ ལང་དོ་ཡོད་རུང་ རུ་པི་གསོག་འཇོག་གིས་ ཟླཝ་༤.༤ དེ་ཅིག་ལས་བརྒལ་ ཚོང་ཆས་ཚུ་ ནང་འདྲེན་འབད་མ་ཚུགས་པས།
རྩ་ཁྲིམས་ཀྱི་ དགོས་མཁོ་དང་འཁྲིལཝ་ད་ ཕྱི་ཁའི་ཏི་རུ་གསོག་འཇོག་ཉུང་མཐའ་ ལོ་༡ མ་ལངམ་ཅིག་ ཉེར་མཁོ་ནང་འདྲེན་གྱི་ ཟད་འགྲོ་ཚུ་ འཛིན་སྐྱོང་འཐབ་དགོཔ་ད་ འབྲུག་པའི་དངུལ་ཀྲམ་དེ་ རྒྱལ་ཁབ་ཕྱི་ཁར་ འགྱོ་མི་བཏུབ་དོ་ཡོདཔ་ལས་ རྒྱལ་སྤྱིའི་ཏི་རུ་གསོག་འཇོག་འབད་ནི་དེ་ གལ་གནད་ཅན་ཅིག་ཨིན་པས།
རྒྱལ་ཁབ་ནང་ རུ་པི་གསོག་འཇོག་དེ་ ངེས་པར་དུ་ འབད་དགོཔ་བཞིན་ འབྲུག་རྒྱལ་ཁབ་ཀྱིས་ བརྒྱ་ཆ་༨༠ ལྷགཔ་ཅིག་ རྒྱ་གར་ལས་ ནང་འདྲེན་འཐབ་དོ་ཡོདཔ་ད་ རུ་པི་དེ་ བརྗེ་སོར་འབད་མ་བཏུབ་པའི་ ཏི་རུ་ཅིག་ཨིནམ་ལས་ རྒྱལ་སྤྱིའི་ཏི་རུ་དེ་ ཁག་ཆེ་དྲགས་ཅིག་ཨིན་པས།
ཧེ་མ་ རྒྱལ་ཁ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་པའི་སྐབས་ རྒྱལ་ཁབ་ཀྱིས་ བརྗེ་སོར་འབད་བཏུབ་པའི་ གསོག་འཇོག་ཏི་རུ་ཚུ་ བཙོང་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་གསོག་འཇོག་དངུལ་ཁང་གིས་ ཡུ་ཨེསི་ཌོ་ལར་ བརྗེ་སོར་འབད་ནི་ལུ་ འཛིན་སྐྱོང་དང་ ལྷན་ཐབས་འབད་ཡོདཔ་ད་ དངུལ་ཁང་ལྟེ་བ་དང་ གྲོས་བསྟུན་འབད་དེ་ གསོག་འཇོག་རུ་པི་ཐེར་འབུམ་༡༠ དང་ བརྗེ་སོར་འབད་བཏུབ་པའི་ཏི་རུ་ ཡུ་ཨེསི་ཌོ་ལར་ས་ཡ་༧༥༧ གསོག་འཇོག་འབད་དགོཔ་སྦེ་ གྲོས་ཐག་བཅད་ནུག།
ཨིན་རུང་ རྒྱལ་ཁབ་ཀྱི་ གསོག་འཇོག་དེ་ གློག་མེ་མ་དངུལ་དང་ གློག་མེ་ཕྱིར་ཚོང་བརྩིས་ཏེ་ ཕྱི་འབྲེལ་གྲོགས་རམ་ མ་དངུལ་དང་འཁྲིལ་དགོཔ་ཨིནམ་ད་ རྒྱལ་ཁབ་ནང་ གོང་འཕེལ་འགྱོ་བའི་ རྒྱལ་ཁབ་ཆུང་ཀུ་ལས་ མཐར་འཁྱོལ་དོ་ཡོདཔ་ལས་ རྒྱལ་སྤྱིའི་གྲོགས་རམ་ཚུ་ མར་འབབ་འགྱོ་ནི་ལུ་ དམིགས་གཏད་བསྐྱེད་ཡོདཔ་བཞིན་དུ་ མ་དངུལ་གསོག་འཇོག་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ སེལ་ཐབས་འབད་ནི་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཐབས་ལམ་ཚུ་ འགོ་འདྲེན་འཐབ་སྟེ་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཕྱིའི་མ་དངུལ་བརྗེ་སོར་འབྲེལ་སྟེགས་ནང་ གཞི་བཙུགས་འབད་དེ་ ཉིན་གྲངས་༣༦༩ ནང་འཁོད་ལུ་ ཡུ་ཨེས་ཌོ་ལར་ས་ཡ་༡ དེ་ཅིག་ བསྡུ་ལེན་འབད་བའི་ཁར་ འབྲུག་གི་དངུལ་གྱིས་ ཟླཝ་༧ ནང་ ཡུ་ཨེསི་ཌོ་ལར་ས་ཡ་༠.༩ བསྡུ་ལེན་འབད་མི་དང་བརྩིསཝ་ད་ ཡུ་ཨེས་ཌོ་ལར་ས་ཡ་༢ མ་ལངམ་ཅིག་ བསྡུ་ལེན་འབད་ནུག།
འདས་པའི་དྲི་བ་དྲིས་ལན་སྐབས་ དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོལ་གྱིས་ སླབ་མིའི་ནང་ གནམ་ཐང་ནང་ དེ་བཟུམ་མའི་ ལས་རིམ་གཞི་བཙུགས་འབད་མི་གིས་ ཡུ་ཨེས་ཌོ་ལར་ བརྗེ་སོར་འབད་ནི་ལུ་ ཁེ་ཕན་གྱིས་མ་ཚད་པར་ རྒྱལ་ཁབ་ནང་ ཕྱིའི་ཏི་རུ་གསོག་འཇོག་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱིའི་ཏི་རུ་འབད་མི་ཡང་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་དམིགས་ཏེ་ ཨིན་པའི་ཁར་ ཏི་རུ་འཇོག་གསོག་དེ་གིས་ རྒྱལ་ཁབ་ནང་ ཆ་གནས་བཞག་ཚུགས་ཟེར་ཨིན་སཔ།
ཕུན་ཚོགས་གླིང་གི་ ཕྱི་མི་ནང་སྐྱོད་ཡིག་ཚང་གི་ རུ་པི་བརྗེ་སོར་འབྲེལ་སྟེགས་ཀྱིས་ཡང་ ཉིན་བསྟར་བཞིན་དུ་ རུ་པི་༥༠༠,༠༠༠ དེ་རེ་ བསྡུ་ལེན་འབད་དོ་ཡོདཔ་བཞིན་དུ་ ཟླཝ་༥ འི་ནང་འཁོད་ལུ་ རུ་པི་ས་ཡ་༡༣ དེ་ཅིག་ གསོག་འཇོག་འབད་ཡོདཔ་ཨིན་པས།
སྤྱི་འཛིན་དྲགོས་ དཔལ་འབྱོར་གྱིས་ སླབ་མིའི་ནང་ རྒྱ་གར་ལུ་ གནས་སྐོར་འགྱོ་མི་ཚུ་གི་དོན་ལུ་ རུ་པིའི་དགོས་མཁོ་ཚུ་ འཇམ་ཏོང་ཏོ་སྦེ་ སྤྲོད་ཚུགས་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།