རྒྱལ་ཁབ་ནང་འཁོད་ལུ་ སྡོད་ཁྱིམ་ལངམ་དགོ་པའི་དྲན་གསལ།

༉ རྒྱ་གར་ནུབ་བེང་གཱལ་མངའ་སྡེ་ དར་ཇི་གླིང་དང་ ཀ་ལུ་ཕུག་གི་ མི་ཚུ་གིས་ གཱོར་ཁ་ལེནཌ་ཟེར་མི་ ས་ཁོངས་དེ་ རང་དབང་དགོཔ་སྦེ་ དགོ་འདོད་བཀོད་མི་ལུ་བརྟེན་ ད་རེས་ནངས་པར་ ས་མཚམས་ས་ཁོངས་ ཇའི་སྒང་ལུ་ཡང་ ཞི་བའི་ངོ་རྒོལ་འགྲེམས་སྟོན་ཚུ་ འགོ་བཙུགས་ནུག།
མ་གཞི་ ལཱ་བཤོལ་དང་ ངོ་རྒོལ་འགྲེམས་སྟོན་ཚུ་ ས་མཚམས་ཀྱི་ཕྱི་ཁར་ འགོ་འདྲེན་འཐབ་ཨིན་རུང་ དེ་གི་གནོད་ཉེན་དེ་ འབྲུག་མི་ཚུ་ལུ་ཡང་ ཡོད་ཟེར་ཞུ་ནི། ག་འཆརཔ་ཟེར་བ་ཅིན་ ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་ལངམ་མེད་མི་ལུ་བརྟེན་ ང་བཅས་ཀྱི་ འབྲུག་མི་སྟོང་ཕྲག་ལས་བཅའ་དེ་ ཇའི་སྒང་ལུ་ སྡོད་དོ་ཡོདཔ་ལས་ ཁོང་གི་ཚེ་སྲོག་ལུ་ ཉེན་ཁ་སྦོམ་འདུག།
ད་རེས་ནངས་པར་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་༦,༠༠༠ དེ་ཅིག་ཡོདཔ་སྦེ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ བརྟག་ཞིབ་སྙན་ཞུ་ནང་ བཀོད་ཡོད་རུང་ ལ་ལོ་གིས་འབད་བ་ཅིན་ ས་མཚམས་ཀྱི་ ཕྱི་ཁར་སྡོད་མི་༡༠,༠༠༠ དེ་ཅིག་འོང་ཟེར་ཨིན་མས།
འདས་པའི་ཉིནམ་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ ངོ་རྒོལ་འགྲེམས་སྟོན་དེ་ དྲག་པོའི་ཐོག་ལས་ འབད་མི་ལུ་བརྟེན་ སྲུང་སྐྱོབ་དམག་མི་དང་ ཁྲིམས་སྲུང་འགག་པ་ཁ་སྐོང་བཙུགས་ཡོདཔ་མ་ཚད་ ངོ་རྒོལ་འབད་མི་ཚུ་ ཁ་གཏོར་གཏང་ནིའི་དོན་ལུ་ ཊི་ཡར་གེསི་ཟེར་ མིག་ཏོ་མཐོང་མ་ཚུགསཔ་ བཟོ་གཏང་ནིའི་ རྫས་རླུང་ཡང་ ལག་ལེན་འཐབ་དགོཔ་བྱུང་ནུག།
འདི་བཟུམ་མའི་ གནས་སྟངས་ཚབས་ཆེན་ཅིག་ལུ་ གྱུར་ཡོད་མི་ལུ་བརྟེན་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ ནང་སྲིད་ལྷན་ཁག་གིས་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་ དམིགས་བསལ་གྱི་ ཁྱབ་བསྒྲགས་ཅིག་འབད་མིའི་ནང་ མིག་རླུང་ལག་ལེན་གྱི་ གནོད་སྐྱོན་ལས་ ཉེན་སྲུང་འབད་ཐབས་ལུ་ ཁྲོམ་ཁར་མ་འཐོན་པར་ རང་སོའི་ཁྱིམ་ནང་ སྡོད་དགོཔ་སྦེ་བཀོད་ནུག།
ངོ་རྒོལ་འགྲེམས་སྟོན་སྐབས་ རྨ་སྐྱོན་དང་ ཤི་རྐྱེན་འབྱུང་ཉེན་ཡོདཔ་ལས་ འབྲུག་མི་ཚུ་གིས་ ངོ་རྒོལ་འགྲེམས་སྟོན་ནང་ བཅའ་མར་གཏོགས་ནི་ལས་ ག་དེ་དྲག་དྲག་ འཛེམ་དགོ་པའི་ བཀའ་སློབ་གནང་མི་དེ་ཡང་ ང་བཅས་ཀྱི་མི་ཚུ་ དོན་མེད་ཀྱི་ དཀའ་སྡུག་དང་ བྲེལ་ཟིང་ནང་ ཚུད་ནི་གི་ ཐུགས་ཚ་གྱང་ཡོད་མི་ལུ་བརྟེན་ཨིན་མས།
ངོ་རྒོལ་འགྲེམས་སྟོན་དེ་གིས་ ས་མཚམས་ཀྱི་ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་ལུ་ ཉེན་སྲུང་མེད་པའི་ བརྡ་མཚོན་སྟོནམ་མ་ཚད་ རྒྱལ་ཁབ་ནང་འཁོད་ལུ་ སྡོད་ཁྱིམ་ལངམ་དགོ་པའི་ མངོན་རྟགས་ཡང་སྟོནམ་མས།
ང་བཅས་ཀྱི་ རྒྱལ་ཁབ་ནང་ མི་འབོར་དང་བསྟུན་པའི་ སྡོད་ཁྱིམ་ཚུ་ལངམ་སྦེ་ ཡོད་པ་ཅིན་ འབྲུག་མི་ཚུ་ ས་མཚམས་ཀྱི་ཕྱི་ཁར་ ལཱ་ཁག་སྦེ་ ཁང་གླར་འཚོལ་ཏེ་སྡོད་དགོཔ་ མི་འཐོན་ནི་དང་ རང་སོའི་འབབ་ཁུངས་ཚུ་ཡང་ རྒྱལ་ཁབ་ནང་ར་ ལུས་ནི་གི་ གོ་སྐབས་སྦོམ་འདུག།
ས་མཚམས་ཀྱི་ཕྱི་ཁར་ སྡོད་པའི་བསྒང་ལས་ རོགས་ཀྱི་དུས་ཚོད་དང་ ལམ་ལུགས་ཚུ་དང་ འཁྲིལ་དགོཔ་ལས་ སྟབས་མ་བདེཝ་ ལེ་ཤ་ཡོད་མི་དེ་ཡང་ དཔེར་ན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ལས་ སྒོ་ར་བསྡམས་ཏེ་ དེ་གི་ནངས་པར་ ཆུ་ཚོད་༧ དེ་ཅིག་ལུ་རྐྱངམ་གཅིག་ སྒོ་ཕྱེ་དོ་ཡོདཔ་ལས་ ནུབ་མོར་གློ་བུར་གྱི་རྐྱེན་ངན་རེ་འཐོན་རུང་ སྨན་ཁང་ནང་ འགྱོ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་མས།
དེ་མ་ཚད་ ཇོ་བདག་ལ་ལོ་གིས་ འཐུང་ཆུ་བྱིན་མ་བཏུབ་དང་ ལ་ལོ་གིས་ འཕྲལ་འཕྲལ་ར་ ཁང་གླ་ཡར་སེང་འབད་བའི་ གདོང་ལེན་ཚུ་ཡང་ཡོདཔ་ཨིན་མས།
ཨིན་རུང་ ད་རེས་ཉེན་སྲུང་གི་ དཀའ་ངལ་ཐོན་པའི་ ནམ་དུས་ལུ་ འབྲུག་མི་ཚུ་གིས་ དྲནམ་ཐེབས་བཏོན་ཏེ་ སྡོད་དགོཔ་མ་ཚད་ གཞུང་གི་ཁ་ཐུག་ལས་འབད་རུང་ ནང་འཁོད་ལུ་ སྡོད་ཁྱིམ་ལངམ་སྦེ་ རྐྱབ་ནི་དང་ སྒེར་སྡེ་ཚུ་ལུ་ཡང་ ཁྱིམ་རྐྱབ་ནི་གི་ སེམས་ཤུགས་བསྐྱེད་པ་ཅིན་ ང་བཅས་ཀྱི་མི་ཚུ་ ཉེན་སྲུང་མེད་པའི་ རོགས་ཀྱི་རྒྱལ་ཁབ་ནང་སྡོད་དགོཔ་ མི་འཐོན་ཟེར་ ཞུ་ནི་ཨིན།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *