རྒྱལ་ཁབ་ནང་འཁོད་ཀྱི་ སྦྲང་རྩི་ལུ་ གུ་རམ་དང་རྫས་སྦྱོར་སླ་བསྲེས་མེདཔ།

༉ བུམ་ཐང་དང་ རྩི་རང་ལས་ ཐོན་སྐྱེད་འབད་མི་སྦྱང་ངམ་ སྦྲང་རྩི་དེ་ སྤུས་ཚད་དང་ལྡན་པའི་ཁར་ ནང་ན་མངར་ཆའི་རིགས་ གུ་རམ་ཚུ་ བླུགས་བླུགསཔ་ ག་ནི་ཡང་མེདཔ་ཨིན་པས།

དེ་ཡང་ སོ་ནམ་ལྷན་ཁག་ སྒོ་ནོར་ལས་ཁུངས་ཀྱིས་ གུ་རམ་ཡོད་མེད་བརྟག་ཞིབ་ཀྱི་དོན་ལུ་ ཀོ་རི་ཡ་ལུ་ རྒྱལ་ཡོངས་སོ་ནམ་དང་ཚན་རིག་སློབ་སྦྱོང་སྤེལ་ཁང་ནང་བཏང་མིའི་ གྲུབ་འབྲས་ནང་བཀོད་ནུག།

བརྟག་ཞིབ་ཀྱི་དོན་ལུ་ རྒྱལ་ཁབ་ནང་ལས་ དཔེ་ཚད་༡༢ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ད་ དེ་ཡང་ བུམ་ཐང་ཆུ་སྨད་དང་ལྕམ་མཁར་ ཨུ་ར་ དུར་ དེ་ལས་ སྟང་གི་ས་གནས་ཚུ་ལས་ ཨེ་པིསི་མེ་ལི་ཕི་ར་ཟེར་མི་ སེར་སྦྱངམ་གི་ དཔེ་ཚད་དང་ རྩི་རང་སྤ་ཚར་གླིང་དང་ དཱ་ར་ཆུ་གི་ས་གནས་ལས་ རྒྱལ་ཁབ་ནང་འཁོད་ཀྱི་སེར་སྦྱངམ་ ཨེ་པིསི་སི་ར་ན་གི་ དཔེ་ཚད་བསྡུ་ལེན་འབད་ཡོདཔ་ཨིན་པས།

རྫོང་ཁག་དེ་གཉིས་ལས་ ཐོན་སྐྱེད་འབད་མི་སྦྲང་རྩི་དེ་ སྤུས་ཚད་ཡོད་པའི་ཁར་ སྦྲང་རྩི་ནང་རློན་གཤེར་དེ་ རན་ཏོག་ཏོ་ཡོད་པའི་ཞིབ་རྟོག་བྱུང་ཡོདཔ་ད་ རློན་གཤེར་གྱི་ཚད་གཞི་དེ་ བརྒྱ་ཆ་༡༥ དང་༢༠ གི་བར་ན་ འོང་དགོཔ་ཨིན་པས།

སྒོ་ནོར་འགོ་དཔོན་གཙོ་འཛིན་ ཏའུ་ཅུང་རབ་རྒྱས་ཀྱིས་ སླབ་མིའི་ནང་ རྫོང་ཁག་༢ ལས་ཐོན་སྐྱེད་འབད་མི་ སྦྲང་རྩི་ལུ་ གུ་རམ་གྱི་རིགས་ཚུ་ བླུགས་ཡོད་པའི་དོགས་པ་ཡོད་རུང་ རྫས་སྦྱོར་ག་ནི་ཡང་ མེད་པའི་ཁར་ སྤུས་ཚད་འབད་རུང་ ལེགས་ཤོམ་འདུག་ཟེར་ཨིན་པས།

སྒོ་ནོར་རྩིས་དཔྱད་ཀྱི་སྙན་ཞུ་༢༠༢༡ དང་འཁྲིལཝ་ད་ སྦྲང་རྩི་ཐོན་སྐྱེད་མཐོ་ཤོས་ར་ བསམ་རྩེ་ལུ་ བརྒྱ་ཆ་༣༢.༩ དང་ གསར་སྤང་ལུ་ བརྒྱ་ཆ་༡༨.༢   དར་དཀར་ནང་ལུ་ བརྒྱ་ཆ་༡༦ དེ་ལས་ རྩི་རང་དང་ རྫོང་ཁག་གཞན་ལས་ བརྒྱ་ཆ་༡༥.༡ ཐོན་སྐྱེད་འབད་ནིའི་ གཙོ་རིམ་བཟུང་ནུག།

རྒྱལ་ཁབ་ནང་ སྤྱི་ལོ་༢༠༢༡ ལུ་ སྦྱང་ཚང་༢༡,༩༣༣ ལས་ སྦྲང་རྩི་མེ་ཊིག་ཊཱན་༤༢ དེ་ཅིག་ ཐོན་སྐྱེད་འབད་ནུག།

ཏའུ་ཅུང་རབ་རྒྱས་ཀྱིས་འབད་བ་ཅིན་ ལས་ཁུངས་ཀྱིས་ ཕྱིར་ཚོང་གི་དོན་ལུ་ ཧེ་མ་བ་ལྷགཔ་སྦེ་ སྤུས་ཚད་ཅན་གྱི་ སྦྲང་རྩི་ཐོན་སྐྱེད་འབད་ནི་གི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།

ནང་འཁོད་ལས་ཐོན་མི་ སྦྲང་རྩི་དེ་ སྤུས་ཚད་ཡོད་མི་གུ་ ད་རུང་ སྤུས་ཚད་ལེགས་ལྡན་བཟོ་སྟེ་ ཕྱིར་ཚོང་འབད་བ་ཅིན་ སེར་སྦྱངམ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།

འཆར་གཞི།

སྒོ་ནོར་ལས་ཁུངས་ཀྱིས་ སྦྱང་ཚང་དང་ རོལ་ཇེ་ལི་ཟེར་མི་ སྦྲང་རྩི་བཙོང་ནི་ལུ་ གཙོ་རིམ་བཟུང་ནི་དང་ སེར་སྦྱངམ་རིགས་སྤེལ་ནིའི་དོན་ལུ་ སེར་སྦྱངམ་གི་ཨའི་གསརཔ་ འགོ་བཙུགས་འོང་ཟེར་ཨིན་པས།

ནང་འཁོད་ཀྱི་ སེར་སྦྱངམ་ཅིག་ཨིན་མི་ ཨེ་པིསི་སི་ར་ན་དང་ ཡུ་རོ་པིན་གྱི་སེར་སྦྱངམ་ ཨེ་པིསི་མི་ལི་ཕི་ར་དེ་ སྤྱི་ལོ་༡༩༨༠ ལུ་ འགོ་བཙུགས་ཡོདཔ་ཨིན་པས།

ཏའུ་ཅུང་རབ་རྒྱས་ཀྱིས་ སླབ་མིའི་ནང་ སེར་སྦྱངམ་གསོ་སྐྱོང་འབད་དེ་ ལོ་ངོ་༤༠ དེ་ཅིག་ ལང་ཡོདཔ་བཞིན་དུ་ ད་ལྟོ་ཡོད་མི་ སེར་སྦྱངམ་གི་རིགས་ག་ར་ སླ་བསྲེས་ཡོདཔ་ལས་ སེར་སྦྱངམ་སོར་རན་ཆི་ནུག་ཟེར་ཨིནམ་ད་ ལས་ཁུངས་ཀྱི་ཁ་ཐུག་ལས་ ལོ་༡༠ དེ་ཅིག་ ཞིབ་འཚོལ་འབད་ཡོདཔ་མ་ཚད་ ད་རེས་འབད་རུང་ ཞིབ་འཚོལ་འབད་བཞིན་དུ་ཡོད་ཟེར་ཨིན་པས།

ད་རེས་ སྦྲང་རྩི་ཚུ་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ བཙོང་དོ་ཡོདཔ་མ་ཚད་ རྩི་རང་དང་ ཐིམ་ཕུག་གི་ གཞུང་ལམ་བདའ་སྟེ་ བཙོང་དོ་ཡོདཔ་ད་ ཏའུ་ཅུང་རབ་རྒྱས་ཀྱིས་འབད་བ་ཅིན་ སྦྲང་རྩི་ཚུ་ལུ་ སྤུས་ཚད་ཡོད་རུང་ ས་གནས་ཀྱི་ ཚོང་པ་ཚུ་གིས་ རེ་བ་བཀོད་དོ་བཟུམ་སྦེ་ གོང་མི་ཐོབ་པས་ཟེར་ཨིན་པས།

སྒོ་ནོར་ལས་ཁུངས་ཀྱིས་ སེར་སྦྱངམ་གསོ་སྐྱོང་འབད་མི་ཚུ་ལུ་ ཟད་འགྲོ་དངུལ་ཀྲམ་༤༠,༠༠༠ གནས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ ལྷན་ཁག་གིས་ སེར་སྦྱངམ་གསོ་སྐྱོང་འབད་མི་ཚུ་ལུ་ འོང་འབབ་བཟོ་ནིའི་ ཐབས་བྱུས་དང་ ཐབས་ལམ་ཚུ་ བཏོན་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *