རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ཚོགས་པ་ བཙག་འཐུ་འབད་ཚུགས་པའི་རེ་འདུན།

༉ སྲིད་དོན་ཚོགས་པ་ཚུ་གིས་ ཁ་ཙ་ལས་འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ མི་མང་སྐུལ་བསྒྲགས་འབད་མ་ཆོག་མི་དེ་ ད་རིས་ལས་ མཇུག་བསྡུ་ནི་ཨིནམ་བཞིན་དུ་ ནངས་པར་ རྒྱལ་ཁབ་མཐའ་དབུས་མེད་པའི་ འབྲུག་མི་ཚུ་གིས་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིན་མི་དེ་ནང་ རང་སོའི་ དབང་ཆ་ཐོག་ལུ་ཡོད་མི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ ལྷག་བསམ་རྣམ་དག་ཀྱི་སྒོ་ལས་ བཙུགས་གནང་བའི་རེ་བ་ཡོད།

ད་ལྟོ་ཚུན་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ ཁོང་རའི་ འདེམས་ཁོངས་ཚུ་ནང་ ཡུན་རིངམོ་སྦེ་ར་ སྲིད་ཚོགས་ཀྱི་ གྲོས་འཛོམས་ཚུ་ནང་ བཅའ་མར་གཏོགསཔ་མ་ཚད་ ཉིན་བསྟར་བཞིན་དུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ སྡོད་ལོང་མེད་པར་ སྒོ་བཤལ་སྐུལ་བསྒྲགས་འབད་མི་གིས་ འུ་སྡུག་ཐང་ཆད་པའི་ དཀའ་སྡུག་བྱུང་བྱུངམ་འོང་།

དམངས་གཙོའི་མི་སྡེ་ག་ཏེ་འབད་རུང་ བཙག་འཐུའི་བྱ་རིམ་ཚུ་ནང་ གྲལ་གཏོགས་འབད་ནི་དེ་ དཀའ་སྡུག་ཅན་གྱི་ ཉམས་མྱོང་ཅིག་ཨིན་མི་དེ་ཡང་ བཙག་འཐུ་ཟེར་བའི་ ཐབས་བྱུས་དེ་ར་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ཚུ་ལུ་ གནད་དོན་ག་ཅིའི་ཐད་ལས་འབད་རུང་ ཕན་ཐོགས་ཆེ་བའི་གདམ་ཁ་དང་ གོ་སྐབས་དྲག་ཤོས་བྱིན་དགོ་ནི་དེ་གིས་ འཕྲལ་འཕྲལ་ སྐུལ་བསྒྲགས་སྐབས་ རང་ལུ་ གདོང་ལེན་སྦོམ་བྱུང་པ་གིས་མ་ཚད་ མི་སྡེ་ཁག་དབྱེ་འགྱོ་ནིའི་ ཉེན་ཁ་ཡང་ སྦོམ་སྦེ་ར་ཡོད།

འབྲུག་ལུ་ མ་གཞི་ དམངས་གཙོའི་རིང་ལུགས་དེ་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་གི་གདོང་ཁར་ དཔེ་སྟོན་བཏུབ་སྦེ་ བཟོ་ནིའི་དོན་ལུ་ ཚབས་ཆེན་སྦེ་ར་ ངོས་ལེན་འབདཝ་ཨིན་རུང་ མགུ་འཁྱུ་བ་གདོང་དགཔ་སྦེ་ར་ འབད་དོ་ག?

ད་ལྟོ་ རྒྱལ་ཁབ་ཀྱི་ སོར་བསྒྱུར་དུས་ཚོད་འདི་ནང་ ང་བཅས་ཀྱིས་ བཙག་འཐུ་དང་འབྲེལ་བའི་གནད་དོན་ ལེགས་ཤོམ་དང་ ཟོགཔ་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་མི་དང་བསྟུན་ བར་དཀྲོགས་དང་ སྲི་དཀྲུགས་འབད་མི་ཚུ་ སྣང་མེད་རྒྱབ་སྐྱུར་ཐོག་ བཙག་འཐུའི་བྱ་རིམ་དེ་ རང་མོས་དང་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་དགོཔ་ཨིན།

ང་བཅས་ར་ འབྲུག་པའི་མི་སྡེ་ཚུ་ སྔོན་གོང་ལས་ར་ མི་བརྒྱུད་ལས་མི་བརྒྱུད་སྦེ་ ཞི་བདེ་དང་ དགའ་སྐྱིད་ རྩ་བརྟན་ དེ་ལས་ གཅིག་སྒྲིལ་ཐོག་ལུ་ རང་དབང་སྦེ་སྡོད་མི་ལུ་བརྟེན་ ད་རེས་ མི་སེར་ཚུ་གིས་ སྲིད་ཚོགས་ག་ར་འབད་རུང་ གདམ་ཁ་ལེགས་ཤོམ་རྐྱབ་སྟེ་ རྒྱལ་ཁ་ཐོབ་ད་ མ་བཏུབ་བཏུབ་སྦེ་ བརྩི་སྲུང་འབད་ནི་དེ་ཡང་ སེམས་ཁར་ངེས་དགོཔ་ཨིན།

གལ་སྲིད་ བཙག་འཐུ་ལུ་བརྟེན་ མི་སྡེ་ནང་ གནོད་པ་རྐྱབ་ནི་དང་ དབྱེ་ཁག་བཟོ་ནི་ཚུ་ འབྱུང་བཅུག་པ་ཅིན་ ང་བཅས་ར་ ཚོགས་རྒྱན་བཙུགས་མི་ཅིག་འབད་ནི་དེ་གིས་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་ཚུ་དང་བསྟུན་ སྲིད་ཚོགས་ཚུ་གིས་ ཁས་བླངས་འབད་མི་འབད་ཚུ་ ནན་ཞིབ་ཐོག་ལས་ དབྱེ་དཔྱད་འབད་དགོཔ་ཨིན།

མ་གཞི་ སྤུས་ཚད་ཅན་གྱི་ སྣུམ་འཁོར་ལམ་དང་ འཇོན་དྲགས་ཅན་གྱི་ ཞབས་ཏོག་མཁོ་སྤྲོད་ལམ་ལུགས་ཚུ་ དགོཔ་ཁག་ཆེ་རུང་ དེ་བ་ལྷགཔ་སྦེ་ ང་བཅས་ར་ དུས་རྒྱུན་དུ་ རེ་འདོད་བསྐྱེད་བཞིན་ཡོད་མི་ རྒྱལ་ཁབ་ཡར་རྒྱས་ཀྱི་ འགྱུར་བ་དང་མདུན་ལམ་ལུ་ ཤུགས་བཏོན་དགོཔ་ཨིན།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ང་བཅས་རའི་ རེ་འདོད་དང་བསྟུན་པའི་ དགོས་མཁོ་ཚུ་ ངེས་བརྟན་བསྒྲུབ་ནི་ལུ་ གྲ་སྒྲིག་ག་དེ་སྦེ་ཡོདཔ་ཨིན་ནའི་ ལམ་རྒྱ་གྲམ་གུ་ ལྷོད་དེ་ཡོདཔ་ལས་ ཆ་མཉམ་གྱིས་ སྨོན་ལམ་བཏབ་དགོཔ་འདུག།

སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ བདུན་ཕྲག་དག་པ་ཅིག་ལས་མེདཔ་བཞིན་དུ་ འབྲུག་མི་ཆ་མཉམ་གྱིས་ ནངས་པར་ རང་སོའི་ ཚོགས་རྒྱན་ས་ཁོངས་ནང་སོང་སྟེ་ འགོ་ཐོག་བཙག་འཐུ་ནང་ རང་མོས་རྣམ་དག་ཐོག་ལས་ རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ སྲིད་ཚོགས་ལུ་ ཚོགས་རྒྱན་བཙུགས་ཚུགས་པའི་ རེ་འདུན་ཡོད།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *