༉ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༢༠༢༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ འཛུལ་ཞུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་དང་འབྲེལ་ ཨེལ་ཌི་སི་ཟེར་ གོང་འཕེལ་དུམ་གྲ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚུ་ལས་ ཕྱིར་འཐོན་འབད་ནི་གི་ འོས་འབབ་སྦོམ་ཡོདཔ་ལས་ སེམས་དགའ་དགོཔ་ཅིག་ཨིན་མས།
དེ་ཡང་ འབྲུག་འདི་ འཛམ་གླིང་རྒྱལ་ཁབ་གཞན་གསུམ་དང་གཅིག་ཁར་ ཨེལ་ཌི་སི་རྒྱལ་ཁབ་ཚུ་ལས་ ཕྱིར་བཏོན་འབད་དགོཔ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱིས་ གྲོས་འདེབས་འབད་མི་ལུ་བརྟེན་ཨིན་མས།
འབྲུག་འདི་ གོང་འཕེལ་དུམ་གྲ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚུ་ལས་ ཕྱིར་འཐོན་འབདཝ་ད་ གོང་འཕེལ་ཐལ་མི་གྲངས་སུ་ ཚུད་ནི་ཨིནམ་ལས་ དེ་བསྒང་ལས་ རང་གི་རྐངམ་གུ་ རང་ལོང་སྡོད་ཚུགསཔ་སྦེ་ གནས་དགོཔ་ཨིན་མས།
འདི་བཟུམ་ཕྱིར་འཐོན་གྱི་ གྲོས་འདེབས་བཀོད་མི་དེ་ཡང་ རྒྱལ་ཁབ་ནང་ འོང་འབབ་བཟོ་ནིའི་ གོ་སྐབས་ཚུ་ ཡར་འཕར་སོང་མི་དང་ མི་རེའི་འོང་འབབ་དཔྱ་བགོ་ཡར་སེང་ དེ་ལས་ འབྲུག་མི་ཚུ་གིས་ གཟུགས་ཁམས་འཕྲོད་བསྟེན་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ནི་གི་ སྨན་བཅོས་ཞབས་ཏོག་དང་ ཤེས་རིག་གི་ ཐོབ་སྤྱོད་ཡར་དྲག་སོང་མི་ལུ་བརྟེན་ཨིན་མས།
གྲོས་འདེབས་དེ་ རྒྱབ་སྣོན་ཆ་འཇོག་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ དཔལ་འབྱོར་དང་ མི་སྡེ་ཚོགས་སྡེ་ལུ་ བཙུགས་ཞིནམ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུ་ནང་ གྲོས་ཐག་བཅད་ནི་ཨིནམ་ད་ མ་གཞི་ ཨེལ་ཌི་སི་ལས་ ཕྱིར་འཐོན་ནི་གི་ དུས་ཡུན་ལོ་༣ ཡོད་རུང་ ང་བཅས་འབྲུག་མི་ཚུ་གི་དོན་ལུ་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་རིམ་བྱོན་ཚུ་ལུ་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀའ་དྲིན་དགའ་ཚོར་ཞུ་ནི་གི་ དུས་བསྐལ་བཟང་པོ་ཅིག་ཨིན།
འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་འབདཝ་ལས་ སྤྱི་ལོ་༡༩༧༡ ཟླ་༩ པའི་ཚེས་༢༡ ལུ་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་རྒྱལ་ཁབ་༡༢༨ པ་སྦེ་ འཛུལ་ཞུགས་མ་འབད་ཚུན་ཚོད་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་ འབྲེལ་བ་མེད་པར་ རང་རྐྱང་སྦེ་ སྡོད་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་ འཛམ་གླིང་སྤྱི་ཚོག་ཀྱི་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་གཅིག་ཁར་ གོང་འཕེལ་ཐལ་མི་ རྒྱལ་ཁབ་ཀྱི་གྲངས་སུ་ཚུདཔ་ད་ ང་བཅས་འབྲུག་མི་ཚུ་ དཔའ་ཉམས་བསྐྱེད་དགོཔ་ཅིག་ཡང་ཨིན།
ད་རེས་ རྒྱལ་ཁབ་འདི་ མཐར་འཁྱོལ་སྦོམ་བྱུང་མི་དེ་ མི་དབང་རྒྱལཔོ་རིམ་བྱོན་ཚུ་གིས་ ཐུགས་རིག་རྣམ་པར་བཀྲ་བའི་ དབུ་ཁྲིད་དང་ ལམ་སྟོན་བཟང་པོ་གནང་པའི་ བཀའ་དྲིན་ལུ་བརྟེན་ཨིན།
ང་བཅས་ཆ་ཁྱབ་ རྒྱལ་ཁབ་སྤྱང་ཀའི་གནས་རིམ་ལས་ ཕྱིར་ཐོན་ཐོག་ གོང་འཕེལ་ཐལ་མི་གྲངས་སུ་ཚུདཔ་ད་ སེམས་དགའ་དགོཔ་དང་ ཚ་གྱང་ལང་དགོཔ་ཅིག་ཡང་ཨིན་མས། ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་གོང་འཕེལ་འགྱོ་བའི་བསྒང་ལས་ རོགས་ལུ་རེ་མ་དགོ་པར་ རང་གི་རྐངམ་གུ་ རང་ལོང་སྡོད་ཚུགས་ནི་ཨིན་མས།
ཨིན་རུང་ གདོང་ལེན་འབད་དགོཔ་ ལེ་ཤ་ཡོད་མི་དེ་ཡང་ ལོ་ངོ་༣ གྱི་རྒྱབ་ལས་ མང་ཕྱོགས་ལས་སྡེ་ཚུ་གིས་ འབྲུག་ལུ་ མ་དངུལ་དང་ འཕྲུལ་རིག་གི་རྒྱབ་སྐྱོར་འབད་ནི་ཚུ་ བཤོལ་བཞག་ནི་ཨིནམ་ལས་ ལོ་ལྔའི་འཆར་གཞི་ཚུ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་སྦོམ་ཡོད།
མ་གཞི་ ཕྱིའི་གྲོགས་རམ་ལས་སྡེ་ཚུ་གིས་ གྲོགས་རམ་བྱིན་ནི་ལས་ རྒྱབ་བཤུད་རྐྱབ་ནི་དང་ ཆུ་ལུ་བརྟེན་པའི་ གློག་མེ་འཕྲུལ་ཁང་ལས་འགུལ་ཚུ་གིས་ ནང་འཁོད་འོང་འབབ་ལུ་ ལྷན་ཐབས་འབད་ནི་ཨིན་རུང་ གདོང་ལེན་ཚུ་ལུ་ ད་ལྟོ་ལས་ གྲ་སྒྲིག་འབད་ནི་དེ་ ག་ནི་བ་གལ་ཆེ།
གལ་སྲིད་ འབྲུག་འདི་ ཨེལ་ཌི་སི་རྒྱལ་ཁབ་ལས་ ཕྱིར་འཐོན་འབད་ཚུགས་རུང་ ང་བཅས་རའི་ དཔལ་འབྱོར་དང་ ལོ་ལྔའི་འཆར་གཞི་ལས་སྣ་ཚུ་གི་དོན་ལུ་ ཁྱིམ་མཚེས་རྒྱལ་ཁབ་ལུ་ འཕྲོ་མཐུད་དེ་ར་ བརྟེན་སྡོད་པ་ཅིན་ ང་བཅས་ཆ་ཁྱབ་ ལེགས་ཆའི་མདུན་ལམ་ལུ་ ཞུགས་ཚུགས་པར་ ལཱ་ཁག་འོང་ནི་དང་ གོང་འཕེལ་གྱི་འགྱུར་བ་ལུ་ཡང་ གདོང་ལེན་འབད་དགོཔ་འབྱུང་འོང་།
Check Also
ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།
༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …