རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ལམ་སྲོལ་ མི་ཉམས་གོང་འཕེལ་བཏང་དགོཔ།

༉ རྒྱལ་ཡོངས་ཚོགས་སྡེའི་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ ལམ་སྲོལ་དང་འབྲེལ་བའི་ ཞིབ་འཚོལ་འབདཝ་ད་ རང་ལུགས་ཀྱི་ བཟོ་བཀོད་ཚུ་གིས་མ་དོ་བར་ ཁ་སྐད་དང་ ཚེས་བཅུ་ལ་སོགས་པའི་ རང་ལུགས་ཀྱི་ ལམ་སྲོལ་ཚུ་ ཡལ་ཉམས་འགྱོ་དོ་ཡོད་པའི་ མངོན་གསལ་བྱུང་མི་དེ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ཞིབ་འཚོལ་སྙན་ཞུ་དང་འཁྲིལ་བ་ཅིན་ ཞབས་ཏོག་ལྷན་ཁག་གིས་ རང་ལུགས་ཀྱི་ བཟོ་བཀོད་ཚུ་ གཅིག་མཚུངས་བཞག་དགོ་པའི་ ལམ་སྟོན་ཚུ་ བཀྲམ་སྤེལ་འབད་ཡོད་རུང་ ཁྲིམས་མཐུན་གྱི་ ལམ་ལུགས་ཅིག་མེདཔ་ལས་ གཞུང་གི་སྒྲིང་ཁྱིམ་དང་ སྒེར་ཁྱིམ་ཚུ་ ལམ་སྟོན་དང་མ་འཁྲིལ་བར་ རྐྱབ་དོ་ཡོད་མི་དེ་གིས་ རང་ལུགས་ཀྱི་ བཟོ་བཀོད་ལུ་ ཐོ་ཕོག་ཉེན་འདུག་ཟེར་ཨིན་མས།
ང་བཅས་ཀྱིས་ དཔྱད་བལྟ་རུང་ འབྲུག་རྒྱལ་ཁབ་ཀྱི་ ཁྲོམ་སྡེ་ཚུ་ནང་ སྒྲིང་ཁྱིམ་མང་ཤོས་ར་ ཕྱིའི་བཟོ་བཀོད་ཐོག་ལུ་ རྐྱབ་སྟེ་ཡོད་མི་ཚུ་ཡང་ ཕྱི་ཁ་ལས་ ལེན་མི་ ཤིང་བཟོ་བོ་དང་ རྡོ་བཟོ་བོ་ཚུ་ལུ་ རྐྱབ་བཅུག་ནི་དེ་གིས་ འབྲུག་པའི་བཟོ་བཀོད་ཚུ་ལུ་ བརྩི་མཐོང་མེདཔ་བཟུམ་མའི་ བརྡ་མཚོན་སྟོནམ་མས།
གལ་སྲིད་ འབྲུག་གི་ཤིང་བཟོ་བོ་དང་ རྡོ་བཟོ་བོ་ དེ་ལས་ འཇིམ་བཟོཔ་ཚུ་ བདག་འཛིན་མ་འབད་བ་ཅིན་ མ་འོངས་པ་ལུ་ ཡལ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ལས་ རང་ལུགས་ཀྱི་ བཟོ་རིགས་ཚུ་ ཕ་བརྒྱུད་བུ་བརྒྱུད་སྦེ་ གནས་ཐབས་ལུ་ ང་བཅས་རའི་ ན་གཞོན་ཚུ་ལུ་ ལག་བཟོ་དང་ ལག་ཤེས་དེ་ཚུ་ནང་ སྦྱོང་བརྡར་བྱིན་དགོཔ་དེ་ གལ་ཆེཝ་སྦེ་མཐོངམ་མས།
དེ་བཟུམ་སྦེ་ རང་ལུགས་ཀྱི་འཆམ་དང་ ཟློས་གར་གྱི་ ལམ་སྲོལ་བཟང་པོ་དེ་ཡང་ མར་ཉམས་འགྱོ་དོ་ཡོདཔ་ད་ དཔེར་ན་ རྒྱལ་ཁབ་ཀྱི་ ལུང་ཕྱོགས་རེ་ནང་ ལམ་ལུགས་སྲོལ་རེ་ཡོད་པའི་ནང་ལས་ ལོ་བསྟར་གྱི་ ཚེས་བཅུ་བརྩི་སྲུང་ཞུཝ་ད་ འབྲེལ་ཡོད་རྒེད་འོག་དང་ གཡུས་ཚན་ཚུ་ལས་ གར་འཆམ་རྐྱབ་མི་དང་ ཞབས་ཁྲ་རྐྱབ་མི་ཚུ་ ཐོན་དགོཔ་ཨིན་རུང་ ད་རེས་ནངས་པར་ གཡུས་སྒོ་ཚུ་ནང་ ན་གཞོན་ཕོ་མོ་སྡོད་མི་གངམ་མེདཔ་ལས་ འཆམ་དང་ཞབས་ཁྲ་རྐྱབ་མི་མེད་པའི་ གདོང་ལེན་བྱུང་སྟེ་འདུག།
འདི་བཟུམ་སྦེ་ གྲོང་གཡུས་ལས་ ཁྲོམ་སྡེ་ནང་ གནས་སྤོ་འོང་མིའི་ གྱངས་ཁ་དེ་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་དང་འབྲེལ་ གཡུས་སྟོང་ཐོནམ་ད་ ལུང་ཕྱོགས་སོ་སོའི་ ཁ་སྐད་ཚུ་ཡང་ ཉམས་འགྱོཝ་ཨིན་མས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ རྒྱལ་ཁམས་ཀྱིས་ མི་སྡེ་དང་ མི་སེར་གྱི་ ལམ་སྲོལ་འཚོ་བ་འབྱོར་ཐབས་ལུ་ དྲན་རྟེན་དང་ སྒྱུ་རྩལ་ ཡང་ཅིན་ རྒྱལ་རབས་ཅན་གྱི་ ས་ཁོངས་དང་ ཅ་དངོས་ རྫོང་གཞིས་ ལྷ་ཁང་ དགོན་སྡེ་ རྟེན་གསུམ་ གནས་ སྐད་ཡིག་ རྩོམ་རིག་ སྒྲ་དབྱངས་ མཐོང་སྣང་གི་སྒྱུ་རྩལ་ ཚོས་ལུགས་བརྩིས་པའི་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ལམ་སྲོལ་འདི་ གཉེར་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་དོན་ལུ་ བརྩོན་ཤུགས་བསྐྱེད་དགོཔ་སྦེ་ བཀོད་གནང་ནུག།
དེ་མ་ཚད་ རྒྱལ་ཁམས་ཀྱིས་ ལམ་སྲོལ་འདི་ འཕོ་འགྱུར་ཆེ་བའི་ ནུས་ཤུགས་ཅན་ཅིག་ཨིན་པའི་ ངོས་འཛིན་འབད་ནི་དང་ འཕོ་འགྱུར་དང་ རྒྱུན་ཆད་མེད་པའི་ སྔར་སྲོལ་གྱི་ ཁྱད་ཆོས་དང་ གཙུག་སྡེ་ཚུ་ ཡར་འཕེལ་ཅན་གྱི་ མི་སྡེ་གཅིག་སྦེ་ ཡན་བརྟན་ཚུགས་པའི་ མཐའ་བཙན་དང་ ཕན་འདེབས་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན་པས།
འདི་འབདཝ་ལས་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ལམ་སྲོལ་ དངོས་ཅན་དངོས་མེད་གཉིས་ཆ་ར་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཆུང་གིས་ ལམ་སྲོལ་གྱི་ སྲིད་བྱུས་ཡོངས་རྫོགས་ཅིག་བཟོ་སྟེ་ ཆ་འཇོག་འབད་ནི་དང་ ད་ལྟོ་ཡོད་མི་ ལམ་སྲོལ་བཅའ་ཡིག་དེ་ཡང་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ལུ་ གཞུང་ལས་ ངོས་ལེན་མཛད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

འགན་ཁུར་དང་བསྟུན་པའི་ ཁས་བླངས་འབད་དགོཔ།

༉ རྒྱལ་ཁབ་ཀྱི་གནས་སྟངས་ནང་ མདུན་ལམ་བཟང་དོ་ཡོདཔ་ལས་ ད་རེས་ སྲིད་ཀྱི་གྱུར་བ་ཚུ་ ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ན་ མཐོང་གསལ་ཆེ་བས། མི་དབང་མངའ་བདག་རིན་པོ་ཆེའི་ གསེར་ཁྲི་རྩ་བ་ལས་ གནང་མིའི་གསོལ་རས་དེ་ ད་ལྟོ་ ང་བཅས་མི་སེར་ཚུ་གིས་ བདག་འཛིན་འཐབ་དང་ འཐབ་བཞིན་དུ་ཡོད། …

Leave a Reply

Your email address will not be published. Required fields are marked *