རྒྱལ་ཁབ་ཀྱི་ ས་མཚམས་འགེགས་སྲུང་སྒོ་ར་ཚུ་ནང་ ལམ་ལུགས་གཅིག་མཚུངས་ལག་ལེན།

༉ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ བདེ་སྲུང་གི་ མཐའ་དོན་ལུ་དམིགས་ཏེ་ ས་མཚམས་ཁྲོམ་སྡེ་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་ བསམ་རྩེ་ཚུ་ནང་ ཁྲིམས་སྲུང་འགག་སྡེའི་ འགེག་སྲུང་སྒོ་ར་གཞི་བཙུགས་འབད་མི་དེ་གིས་ སྲུང་སྐྱོབ་ལུ་ ཕན་ཁྱད་བྱུང་སྟེ་འདུག།
དེ་ཡང་ ས་མཚམས་ཁྲོམ་ཚུ་བདའ་སྟེ་ ཕྱི་མི་ཚུ་ རྒྱལ་ཁབ་ནང་འོངམ་ད་ རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་ལུ་ གནོད་ཉེན་འབྱུང་སྲིད་པའི་ ཅ་ཆས་དང་ མཁོ་ཆས་ཚུ་ འབག་འོང་ནི་ལས་ བཀག་འཛིན་འབད་ཚུགསཔ་མ་ཚད་ མིའི་ཚེ་སྲོག་ལུ་ ཐོ་ཕོག་ཉེན་ཡོད་པའི་ བཀག་དམ་ཅན་གྱི་ སྨྱོ་རྫས་ལ་སོགས་པའི་ རྫས་རིགས་ཚུ་ཡང་ ཚད་འཛིན་འབད་ཚུགས་མི་ལུ་བརྟེན་ཨིན།
དེ་མ་ཚད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ ཕར་འཕར་འགྱོ་བའི་ ནམ་དུས་ལུ་ ཕྱིའི་ལས་མི་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ ནང་འདྲེན་འབད་དགོ་མི་ལུ་བརྟེན་ འཕྲལ་འཕྲལ་ར་ བཟོ་སྐྲུན་ལས་སྡེའི་ ཇོ་བདག་ཚུ་གིས་ ལས་མི་ཚུ་ ཁྲིམས་འགལ་ཐོག་ འཁྱིད་འོང་དོ་ཡོད་མི་ཚུ་ཡང་ འགག་སྡེའི་ཞིབ་དཔྱད་སྒོ་ར་ཚུ་ནང་ ལྟ་རྟོག་དམ་དམ་ འབད་ནི་དེ་གིས་ མར་ཕབ་འབད་ཚུགསཔ་ཨིན་མས།
ཨིན་རུང་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་བཟུམ་མའི་ ཁྲོམ་སྡེ་ཚུ་ནང་ ས་མཚམས་ཀྱི་ སྲུང་སྐྱོབ་སྒོ་ར་དེ་གིས་ ཕན་གནོད་༢ ཆ་ར་ བྱུང་སྟེ་ཡོད་མི་དེ་ཡང་ ཕུན་ཚོགས་གླིང་དང་ བསམ་རྩེ་བཟུམ་སྦེ་མེན་པར་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ལམ་འགྲུལཔ་ཚུ་ འགེག་སྲུང་སྒོ་ར་དེ་ཁར་ལྷོདཔ་ད་ སྣུམ་འཁོར་ནང་ལས་ཐོན་ཏེ་ རྐང་སྟོང་སྦེ་ འགྱོ་དགོཔ་ད་ སྡུག་སྦྱོང་བྱིན་དོ་བཟུམ་མའི་ ཚོར་སྣང་བྱུངམ་ཨིན་མས།
མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་གྱི་ འགེགས་སྲུང་ཞིབ་དཔྱད་སྒོ་རའི་ནང་ལྷོདཔ་ད་ ངེས་པར་དུ་ སྣུམ་འཁོར་ནང་ལས་ འཐོན་འགྱོ་དགོ་མི་དེ་གིས་ ལམ་འགྲུལཔ་ཚུ་ལུ་ དཀའ་ངལ་མ་གཏོགས་ ཕན་ཐོགས་མིན་འདུག་ཟེར་ཨིན་མས།
མི་ཚུ་གིས་ ཉོགས་བཤད་བཀོད་མིའི་ནང་ འགྲུལ་པ་ཚུ་ སྣུམ་འཁོར་ནང་ལས་ཐོན་ཏེ་ ལམ་འགྱོ་བཅུགཔ་ཨིན་རུང་ སྣུམ་འཁོར་དང་ མི་༢ ཆ་ར་ ཞིབ་དཔྱད་རྐྱབ་ནི་མེདཔ་ལས་ ཉེན་ཁ་ཅན་གྱི་ ཅ་ཆས་ག་ཅི་ར་ འབག་ཡོད་རུང་ བདའ་ཟུན་མི་ནིའི་ འོས་འབབ་ཡོདཔ་མ་ཚད་ སྒོ་རའི་ས་ཁོངས་ནང་ སྣུམ་འཁོར་ཐོགས་ལུས་པའི་ དཀའ་ངལ་ཚུ་ ཐོནམ་མས་ཟེར་ཨིན་མས།
དགེ་ལེགས་ཕུག་གི་ འགེགས་སྲུང་སྒོ་རའི་ ས་ཁོངས་སྦོམ་ཡོད་རུང་ བསམ་གྲུབ་ལྗོངས་མཁར་གྱི་ སྒོ་རའི་ནང་ ས་ཁོངས་སྦོམ་མེདཔ་ལས་ ལམ་འགྲུལཔ་ཚུ་ སྣུམ་འཁོར་ནང་ལས་ འཐོན་འགྱོ་དགོ་བའི་སྐབས་ འཕྲལ་འཕྲལ་དུས་ཡུན་ཆུ་ཚོད་ལས་བཅད་དེ་ སྣུམ་འཁོར་ཐོགས་ལུགས་པའི་ དཀའ་ངལ་ཚུ་ཐོན་སར་མཐོངམ་མས།
དེ་གིས་མ་དོ་བར་ ཕུན་ཚོགས་གླིང་ས་མཚམས་འགེགས་སྲུང་སྒོ་ར་བཟུམ་སྦེ་མེན་པར་ བསམ་གྲུབ་ལྗོངས་མཁར་ལུ་ ཕྱི་རུའི་ཆུ་ཚོད་༥.༣༠ ལས་ར་ སྒོ་བསྡམ་དོ་ཡོདཔ་ལས་ ཚལ་ལུའི་ཕྱིར་ཚོང་འཐབ་མི་ཚུ་ལུ་ བྱ་སྟབས་མ་བདེཝ་དང་ གདོང་ལེན་ཚུ་ བྱུངམ་ཨིན་མས།
མ་གཞི་ འདི་འཟུམ་མའི་ རྒྱལ་ཁབ་དང་ སྤྱིར་བཏང་མི་མང་གི་ ཉེན་སྲུང་དང་ སྲུང་སྐྱོབ་ཀྱི་ ཐབས་ལམ་བཏོན་མི་ཚུ་ ལེགས་ཤོམ་ཨིན་རུང་ འབྲུག་གི་ས་མཚམས་བདའ་སྟེ་ འགེགས་སྲུང་སྒོ་ར་ཚུ་ནང་ ལམ་ལུགས་མ་འདྲཝ་ བསྟར་སྤྱོད་འབད་མི་ལུ་བརྟེན་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་ལུ་ བྱ་སྟབས་མ་བདེཝ་ བྱུང་དོ་ཡོདཔ་ ངེས་བདེན་ཨིན་པ་ཅིན་ འབྲེལ་ཡོད་དབང་འཛིན་གྱིས་ ས་མཚམས་ཀྱི་ ཞིབ་དཔྱད་སྒོ་ར་ཆ་མཉམ་ནང་ བསྐྱར་ཞིབ་འབད་དེ་ སྟབས་བདེ་དྲགས་བཟོ་དགོཔ་བཞིན་དུ་ དེ་མེན་རུང་ སྲུང་སྐྱོབ་དང་འབྲེལ་བའི་ བྱ་སྒོ་ལམ་ལུགས་གཅིག་མཚུངས་སྦེ་ ལག་ལེན་འཐབ་དགོ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *