དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ མི་མང་སྒེར་སྡེའི་མཉམ་འབྲེལ་བཅའ་ཡིག་དང་སྒྲིག་གཞི་ གསར་བཏོན་འབད་བའི་བསྒང་།

རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་ཀྱི་ བཅའ་ཡིག་གསར་བཏོན།

ཁ་ཙ་ དངུལ་རྩིས་ལྷན་ཁག་གིས་ མི་མང་སྒེར་སྡེའི་མཉམ་འབྲེལ་བཅའ་ཡིག་དང་སྒྲིག་གཞི་༢༠༡༧ ཅན་མ་ གསར་བཏོན་འབད་མི་ལུ་བརྟེན་ ད་ལས་ཕར་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་པས།

བཅའ་ཡིག་དང་སྒྲིག་གཞི་དེ་ཡང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསར་བཏོན་འབད་ཡོདཔ་བཞིན་དུ་ སྒྲིག་གཞི་དེ་ ན་ཧིང་ གསར་བཏོན་འབད་མི་ མི་མང་སྒེར་སྡེའི་མཉམ་འབྲེལ་སྲིད་བྱུས་༢༠༡༦ ཅན་མ་དང་འཁྲིལ་ཏེ་ བཟོ་ནུག།

མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ གཞུང་གིས་ གཞི་རྟེན་ཚུ་ནང་ མ་རྩ་བཙུགས་ནི་ལུ་ གལ་གནད་ཅན་སྦེ་ ངོས་ལེན་འབད་དེ་ཡོདཔ་ད་ ཡུན་བརྟན་དཔལ་འབྱོར་གོང་འཕེལ་འགྲུབ་ནི་ལུ་ མི་མང་སྒེར་སྡེའི་མཉམ་འབྲེལ་གྱི་ ལས་རིམ་དེ་ ཐབས་ཤེས་གཙོ་ཅན་ཅིག་ཨིནམ་ལས་ མཉམ་འབྲེལ་ཡང་ ཡར་དྲག་གཏང་ནི་ འགོ་བཙུགས་ཡོདཔ་ཨིན་པས།

དངུལ་རྩིས་བློན་པོ་གིས་ བཤད་མིའི་ནང་ ད་རེས་ནངས་པར་ ལས་འགུལ་ཚུ་ བཟོ་སྐྲུན་འབད་བའི་སྐབས་ མི་མང་དང་ སྒེར་སྡེ་མཉམ་རུབ་ཐོག་ལས་ མཐུན་རྐྱེན་ཚུ་ བགོ་བཀྲམ་འབད་རུང་ ཐོན་སྐྱེད་དང་འབྲེལ་བའི་ གདོང་ལེན་བྱུང་མི་དེ་ མི་མང་སྡེར་སྡེའི་མཉམ་འབྲེལ་སྲིད་བྱུས་དེ་གིས་ སེལ་ཐབས་འབད་ཚུགསཔ་མ་ཚད་ ག་ར་གིས་ སྲིད་བྱུས་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་དགོ་ཟེར་ཨིན་པས།

སྲིད་བྱུས་དེ་གིས་ སྒེར་གྱི་ལས་སྡེ་ གོང་འཕེལ་གཏང་ནི་ལུ་ མ་རྩ་གཞི་བཙུགས་འབད་མི་དང་ ལག་ལེན་ནུས་ཤུགས་ལུ་ ལཱ་འགན་འབག་མི་ལུ་བརྟེན་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༣ པའི་ནང་ སྲིད་བྱུས་དེ་ ཆ་འཇོག་གྲུབ་ནུག།

རྒྱ་ཁྱབ་དཔལ་འབྱོར་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་འོགམ་ རིན་འཛིན་དཔལ་མོ་གིས་ སླབ་མིའི་ནང་ སྲིད་བྱུས་དེ་གིས་ ལས་སྡེ་ཁག་ཚུ་ནང་ལས་ཕར་ བྱ་སྒོའི་ལམ་ལུགས་ཚུ་ གཅིག་མཚུངས་སྦེ་ གཞི་བཙུགས་འབད་ནི་དང་ སྲིད་བྱུས་ཀྱི་ ལས་འགུལ་ཚུ་ནང་ འདྲ་མཉམ་དང་དྲང་བདེན་ཐོག་ལས་ ལག་ལེན་འཐབ་ཚུགས་ཟེར་ཨིན་པས།

སྲིད་བྱུས་ནང་ གཞུང་གིས་འབད་ཚུགས་པའི་ མཐུན་རྐྱེན་དང་ ཞབས་ཏོག་ཚུ་ཡོད་པའི་ཁར་ མི་ཚུ་གིས་ ལག་ལེན་འཐབ་ཚུགས་པའི་ ཐོན་ཁུངས་ཚུ་ཡོདཔ་བཞིན་དུ་ སྲིད་བྱུས་དེ་གིས་ འོས་འབབ་ཅན་གྱི་ ལས་འགུལ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།

དེ་མ་ཚད་ མི་སེར་ཚུ་ལུ་ ཞབས་ཏོག་ཚུ་ཡང་ ལེགས་ཤོམ་སྦེ་ སྤྲོད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།

སྲིད་བྱུས་ལག་ལེན་དང་འཁྲིལཝ་ད་ བཅའ་ཡིག་དང་ སྒྲིག་གཞི་དེ་ཡང་ སྲིད་བྱུས་ཀྱི་ ལས་འགུལ་བཟོ་བཀོད་འབད་ནི་དང་ ལག་ལེན་འཐབ་ནི་ལུ་ དམིགས་བསལ་གྱི་ ལམ་སྟོན་བྱིན་ནི་ལུ་དམིགས་ཏེ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ བཟོ་ཡི་ཟེར་ཨིན་པས།

སྲིད་བྱུས་ཀྱི་ ལས་འགུལ་དེ་ཡང་ ད་རེས་ ཐིམ་ཕུག་ཁྲོམ་སྡེ་གིས་ འགོ་འདྲེན་ཐོག་ལུ་ ཐིམ་ཕུག་ཁྲོམ་ཁར་ སྣུམ་འཁོར་བཞག་ནིའི་དོན་ལུ་ སྒྲིང་ཁྱིམ་༢ རྐྱབ་མི་ཚུ་ཨིན་པས།

སྲིད་བྱུས་ཀྱི་ ལས་རིམ་ཚུ་ འཇོན་ཐངས་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་ལུ་ སྤྱི་ལོ་༢༠༡༦ ལུ་ གཞུང་གིས་ རྒྱ་ཁྱབ་དཔལ་འབྱོར་ལས་ཁུངས་འོག་ལུ་ མི་མང་སྒེར་སྡེའི་མཉམ་འབྲེལ་སྲིད་བྱུས་ཀྱི་ སྡེ་ཕྲན་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *