རྒྱལ་ཁབ་ཀྱི་ མ་འོངས་བདག་འཛིན་འཐབ་མི་ཚུ་གི་ མི་ཚེ་བར་སྟོར།

༉ ད་ཚུན་གྱི་བར་ན་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ཚུ་གིས་ ཕྱི་རྒྱལ་ལུ་བཏང་མི་ ན་གཞོན་ཚུ་ལུ་ གདོང་ལེན་དང་ དཀའ་སྡུག་མྱོང་པའི་སྐོར་ལས་ ཉོགས་བཤད་ཚུ་ ཐོན་ཡོདཔ་ཨིན་རུང་ ད་རེས་ནངས་པར་ འབད་བའི་བསྒང་ལས་ ཤེས་རིག་གྲོས་སྟོན་ལས་སྡེ་ཚུ་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཆེ་རིམ་ཤེས་ཡོན་སྦྱང་འདོད་ཡོད་མི་ སློབ་ཕྲུག་ཚུ་ བཀོལ་སྤྱོད་འབད་བའི་ ཉོགས་བཤད་བཀོདཔ་ཨིན་མས།
འབྲུག་བཟུམ་མའི་ སྐྱིད་ཉམས་ཅན་གྱི་ མི་སྡེའི་ནང་ རང་སོའི་ཨ་ལོ་ཚུ་ ཆུང་རྐང་ཐང་དྲང་ སྦོམ་མི་གྲལ་བཙུགས་ནིའི་དོན་ལུ་ དཔའ་ཉམས་ཀྱི་སྒོ་ལས་ ཆོས་ཡོན་ཏན་བྱིན་པའི་ ནམ་དུས་ལུ་ ན་གཞོན་ཚུ་གི་ དཀའ་སྡུག་གནས་སྟངས་སྐོར་ལས་ ལོ་རྒྱུས་གོཝ་ད་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ཚུ་བརྒྱུད་དེ་ མི་ཌཱལ་ཨིསིཊ་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་སོང་མི་ ཨམ་སྲུ་ན་གཞོན་དག་པ་ཅིག་ བརྡབ་གསིག་དང་ གནོད་འཚེ་ལ་སོགས་པའི་ དཀའ་སྡུག་མྱོང་མི་ལུ་བརྟེན་ གཞུང་གིས་ རྒྱལ་ཁབ་ནང་ ལོག་འོང་ནིའི་དོན་ལུ་ རྒྱབ་སྐྱོར་དང་ ཆ་རོགས་འབད་དགོཔ་བྱུང་ནུག།
དེ་བཟུམ་སྦེ་ ཤེས་རིག་གྲོས་སྟོན་ལས་སྡེ་ཅིག་གི་ཐོག་ལས་ འབྲུག་པའི་སློབ་ཕྲུག་ན་གཞོན་༢༣ ཤེས་ཡོན་སྦྱང་པར་ མ་ལ་ཤི་ཡ་ལུ་ བཏང་པའི་ཤུལ་ལས་ སློབ་ཕྲུག་༥ འབད་མི་ སྡེ་ཚན་ཅིག་ ལོག་རྒྱལ་ཁབ་ནང་འོངམ་ད་རྐྱངམ་གཅིག་ ཤེས་རིག་ལྷན་ཁག་གིས་ ཨ་ལོ་ཚུ་ མགུ་སྐོར་འོག་ལུ་ ཚུད་ཡོདཔ་ ཤེས་རྟོགས་བྱུང་ནུག།
དེ་འབདཝ་ལས་ ད་ལྟོ་ མ་ལ་ཤི་ཡ་ལུ་ཡོད་མི་ ན་གཞོན་ཨམ་སྲུ་༧ བརྩིས་ཏེ་ སློབ་ཕྲུག་༡༨ རྒྱལ་ཁབ་ནང་ ལོག་བཏོན་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ ཕྱི་འབྲེལ་ལྷན་ཁག་ལས་ རྒྱབ་སྐྱོར་འཚོལ་ཡོདཔ་ད་ སློབ་ཕྲུག་ཚུ་ མ་ལ་ཤི་ཡ་ལུ་ སྡོད་ནི་གི་ སྐྱོད་ཐམ་དུས་ཡོལ་སོང་ཡོདཔ་ཨིན་མས།
མ་གཞི་ གནད་དོན་དེ་གི་སྐོར་ལས་ ཤེས་རིག་ལྷན་ཁག་ལུ་ ཤེས་རྟོགས་བྱུང་ཡོད་རུང་ རྩ་ཕན་ཚུ་གི་བར་ན་ གན་ཡིག་གཅིག་ཤུལ་གཉིས་ཤུལ་སྦེ་ བཟོ་བའི་སྐབས་ལུ་ བར་ཞུགས་མ་འབད་མི་དེ་ བག་ལྷོད་ཐོག་ སྡོད་མི་ལུ་བརྟེན་ དཀའ་ངལ་དེ་ གནས་སྟངས་ཧེང་སྐལ་ར་ སྐྱོ་དྲགས་བཟོ་བཏང་ནུག།
དེང་སང་ཤེས་ཡོན་དེ་ ཚོང་འབྲེལ་ལུ་ གྱུར་ཡོདཔ་མ་ཚད་ ཤེས་ཡོན་ཅན་གྱི་ མི་འབོར་ཡང་ ཡར་འཕར་འགྱོཝ་ད་ ལཱ་གཡོག་མ་ཐོབ་མི་དང་ མཐོ་རིམ་སློབ་གྲྭ་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེད་མི་ཚུ་ནང་ ཤེས་ཡོན་འཕྲོ་མཐུད་ སྦྱང་མ་ཚུགས་པར་ ན་འཐན་དབུགས་འགམ་སྡོད་མི་ ན་གཞོན་ཚུ་ལས་ གོ་སྐབས་ལེན་མི་ ལོ་གཅིག་བ་ལོ་གཅིག་ མངམ་ཐོནམ་ཨིན་མས།
ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ དྲག་རུང་ཞན་རུང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཚུགསཔ་ བཟོ་ཐབས་ལུ་ གཉེན་ཉེཝ་དང་ འཆམ་མཐུན་ དེ་ལས་ དངུལ་འབྲེལ་ལས་ཁང་ཚུ་ལས་ བསྐྱིན་འགྲུལ་ལེན་ཐོག་ལས་ ཕྱི་རྒྱལ་གྱི་ མཐོ་རིམ་སློབ་གྲྭ་ཚ་ནང་ གཏངམ་ཨིན་མས།
ད་རེས་ གཞུང་གི་ལྷན་ཁག་ཅིག་གི་ འཐུས་ཤོར་དང་ བད་ལྷོད་ལུ་བརྟེན་ ལས་སྡེའི་ཇོ་བདག་དེ་ བྲོས་ཟུར་འབད་ཡོདཔ་མ་ཚད་ སློབ་ཕྲུག་དང་ ཕམ་གཉིས་ཆ་ར་ ནང་དོག་སར་ ཚུད་མི་གིས་མ་དོ་བར་ རྒྱལ་ཁབ་ཀྱི་ མ་འོངས་བདག་འཛིན་འཐབ་མི་ སློབ་ཕྲུག་ཚུ་གི་ ཤེས་ཡོན་དང་ མི་ཚེ་མེདཔ་བཏངམ་ཨིན་མས།
དཀའ་ངལ་དེ་ གཞུང་གི་ལྷན་ཁག་དང་ ལས་སྡེ་ག་ཨིན་རུང་ ཁྲིམས་མཐུན་མ་འབད་མི་ འབྲེལ་ཡོད་ལས་སྡེ་ཚུ་གི་ ཆོག་ཐམ་ཆ་མེད་བཏང་མི་རྐྱངམ་གཅིག་གིས་ སེལ་མི་ཚུགས། གཞུང་གིས་ འཐུས་ཤོར་བྱུང་མི་དང་ འབྱིད་སྐོར་རྐྱབ་མི་ཚུ་ལུ་ ཁྲིམས་ཀྱི་ངོས་ལེན་ དམ་སྒྲིང་འབད་དགོཔ་མ་ཚད་ ལས་སྡེ་ཚུ་ལུ་ ཆོག་ཐམ་མ་སྤྲོད་པའི་ཧེ་མར་ མི་དེ་གི་ རྒྱབ་ཁུངས་དང་ མ་དངུལ་གྱི་ གནས་སྟངས་བརྟག་ཞིབ་འབད་དགོ་པའི་ཁར་ ལམ་ལུགས་བསྐྱར་ཞིབ་འབད་དེ་ མ་འོངས་པ་ལུ་ འདི་བཟུམ་དཀའ་ངལ་དང་ སྟབས་མ་བདེཝ་ཚུ་ མི་འཐོན་ནིའི་དོན་ལུ་ ལྟ་རྟོག་ལམ་ལུགས་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

དགོངས་ཞུ་འབད་མི་ཚུ་ བཀག་ཐབས་ཀྱི་སྲིད་བྱུས་ཡོད་ག?

༉ ལམ་འཛོལ་བ་ཉིན་མའི་ཧ་ཕྱིས། །གྱོས་འཛོལ་མ་བསྐལ་བའི་མགུ་མཇུག །ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཟེར་བའི་དཔེ་དོན་བཟུམ་ རྒྱལ་ཁབ་ནང་ འགྱུར་བ་སྦོམ་ར་ འགྱོ་དོ་ཡོད་མི་གིས་ འགན་འཁྲི་ཅན་ཚུ་ ཚ་གྱང་ཐེབས་ཅིག་ར་ ལང་དོ་ཡོདཔ་འོང་། ང་བཅས་ཀྱི་ སླབ་ལུགས་ལུ་ཡང་ དང་པ་རྟ་མ་དཀྲོགསཔ་དྲག་ …

Leave a Reply

Your email address will not be published. Required fields are marked *