༉ གྲོས་བསྡུར་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོད་མི་ འབྲུག་དང་ བང་ལ་དེཤ་ རྒྱ་གར་ དེ་ལས་ ནེ་པཱལ་རྒྱལ་ཁབ་༤ གི་བར་ན་ སྣུམ་འཁོར་ཚུ་གི་ རྒྱུན་འགྲུལ་ཚད་འཛིན་འབད་ནིའི་དོན་ལུ་ སྣུམ་འཁོར་གན་ཡིག་དེ་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ ཕར་འགྱངས་འབད་ཡི།
མཉམ་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ བཀྲིས་ཆོས་གླིང་གི་འཐུས་མི་ རི་ཊུ་རཱཇ་ ཆེ་ཏི་རི་གིས་ ཚོགས་ཆུང་གི་བར་ན་ ཞལ་འཛོམས་ཐེངས་༥ དེ་ཅིག་ འཚོགས་ཏེ་འབད་རུང་ གྲོས་འཆམ་འབྱུང་མ་ཚུགས་ཟེར་ ཞུ་ཡི།
དེ་འབདཝ་ལས་ ཚོགས་ཆུང་གིས་ གན་ཡིག་དེ་ ཕར་འགྱངས་འབད་དགོ་པའི་ ཞུ་བ་ཕུལ་མི་དང་འཁྲིལ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ ཁྲིམས་བཟོའི་ལམ་ལུགས་དང་སྒྲིག་གཞི་ སྤྱི་ལོ་༢༠༡༧ ཅན་མ་དང་འཁྲིལ་ བསྣར་འགྱངས་འབད་ནི་སྦེ་ བཞག་ཡི།
གན་ཡིག་དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་གིས་ གན་ཡིག་གི་ དོན་ཚན་ཁག་༡༥ ལུ་ རྒྱབ་སྐྱོར་མེད་པའི་ཤུལ་ལས་ རྩོད་བསྡུར་ཅན་གྱི་ གནད་དོན་ལུ་ གྱུར་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གན་ཡིག་དེ་གིས་ རྒྱལ་ཁབ་ལུ་ ཁེ་ཕན་ལས་ གནོད་པ་ཆེ་ནི་མས་ཟེར་ བཀོད་པའི་ཤུལ་ལས་ ཡུན་རིང་གི་ རྩོད་བསྡུར་ཅན་གྱི་ གནད་དོན་ལུ་ གྱུར་སོ་ཡི།
སྤྱི་ལོ་༢༠༡༦ གི་ ཚོགས་ཐེངས་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ མོང་སྒར་གྱི་འཐུས་མི་ བསོད་ནམས་དབང་ཕྱུག་གྱིས་ གན་ཡིག་དེ་གིས་ རྒྱལ་ཁབ་ཀྱི་ ལམ་སྲོལ་དང་ རང་ལུགས་ ཆོས་ལུགས་དང་ དཔལ་འབྱོར་ལུ་ གནོད་པ་འོང་ནིའི་ ཉེན་ཁ་ཡོད་པའི་ཁར་ རྒྱལ་ཁབ་ཀྱི་ ཉེན་སྲུང་ལུ་ཡང་ ཉེན་ཁ་འོང་ནི་མས་ཟེར་ ཞུ་ཡོདཔ་ཨིན་པས།
འཐུས་མི་གིས་ གན་ཡིག་དང་འཁྲིལཝ་ད་ ཕྱི་མི་ཚུ་ གྱངས་ཁ་མ་ཆོད་པར་ འབྲུག་ལུ་འཛུལ་ནི་ཨིནམ་ལས་ གནད་དོན་ག་ཅི་གི་དོན་ལུ་ འོངམ་ཨིན་ན་ཡང་ མི་ཤེས་ནི་མས་ཟེར་ ཞུ་ཡོདཔ་ད་ ཚོགས་ཆུང་གིས་ རྒྱལ་ཁབ་ནང་ གན་ཡིག་དང་འཁྲིལ་ དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཆེ་བའི་རིགས་ཚུ་གི་དོན་ལུ་ ཟམ་གྱི་མཐུན་རྐྱེན་ཚུ་ཡོད་པའི་ མངོན་གསལ་མ་བྱུང་ཟེར་ ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ ཚོགས་ཆུང་གིས་ ཞིབ་འཚོལ་འབད་བའི་སྐབས་ གན་ཡིག་དང་འཁྲིལཝ་ད་ འབྲུག་གིས་ འཐུས་མི་རྒྱལ་ཁབ་གཞན་ཚུ་ལུ་ ཁོང་གི་སྣུམ་འཁོར་ཚུ་ ས་མཚམས་ལུ་ བཀག་བཞག་དགོ་པའི་ཁར་ ཚད་བཟོ་སྟེ་གཏང་དགོཔ་སྦེ་ སླབ་ནིའི་ས་གོ་ཅིག་ མིན་འདུག་ཟེར་བཀོད་ནུག།
ཕྱི་འབྲེལ་བློན་པོ་དམ་ཆོས་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ གན་ཡིག་དེ་གི་སྐོར་ལས་ གསལ་ཞུ་འབད་བའི་སྐབས་ གན་དང་འབྲེལ་བའི་ ཚ་གྱང་ཡོད་མི་ཚུ་ག་ར་ ལམ་ལུགས་ཀྱི་ གན་ཡིག་སོ་སོར་སྦེ་ བཟོ་ནི་ཨིན་མིའི་ནང་ འཐུས་མི་རྒྱལ་ཁབ་ཚུ་གི་ སྣུམ་འཁོར་ག་དེམ་ཅིག་ ནང་ན་འཛུལ་ཆོགཔ་ཨིན་ན་ཚུ་ ཚུད་ནི་ཨིནམ་ལས་ དཀའ་ངལ་མི་འཐོན་ཟེར་ ཞུ་ཡོད་རུང་ གན་ཡིག་དེ་ལུ་ ཚོགས་སྡེ་གིས་ ཚོགས་རྒྱན་བཙུགས་པའི་སྐབས་ རྒྱབ་སྐྱོར་འབད་མི་འཐུས་མི་༥ ལས་ མ་ཐོན་པའི་ཁར་ འཐུས་མི་༥ གིས་ འཛེམ་སྡོད་ཡོདཔ་ད་ འཐུས་མི་གཞན་༡༣ གྱིས་ རྒྱབ་སྐྱོར་མེད་པའི་ ཚོགས་རྒྱན་བཙུགས་ཡོདཔ་ལས་ ཚོགས་སྡེ་གིས་ ལོག་སྟེ་རྒྱལ་ཡོངས་ཚོགས་འདུ་ནང་ བཏང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ དཔྱད་ཡིག་དེ་ མཉམ་འབྲེལ་ཚོགས་ཆུང་ནང་ བཙུགས་ཡོད་རུང་ གཞུང་གིས་ ད་རེས་ཀྱི་ཚོགས་ཐེངས་ མ་རནམ་ཅིག་ཁར་ དཔྱད་ཡིག་དེ་ ཕྱིར་བཏོན་འབད་ནི་ཨིན་པའི་སྐོར་ལས་ གནས་ཚུལ་ཚུ་ནང་ཐོནམ་ད་ ད་རུང་ཚར་གཅིག་ དཔྱད་ཡིག་དེ་ ཁྲིམས་མཐུན་མེན་པའི་ཐོག་ལས་ ཕྱིར་བཏོན་འབད་མ་ཆོག་པའི་སྐོར་ལས་ རྩོད་བསྡུར་ཐོན་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ ད་རུང་ཚར་གཅིག་ གཞུང་གིས་ ཕྱིར་བཏོན་འབད་ནིའི་ འཆར་གཞི་བཟོ་མི་དེ་ལུ་ རྒྱབ་འགལ་ཡོད་ལུགས་ཚུ་ བཤད་པའི་ཤུལ་ལས་ མཉམ་འབྲེལ་ཚོགས་ཆུང་གིས་ གྲོས་འཆམ་འབྱུང་མ་ཚུགས་པའི་ དོན་ཚན་ཚུ་ལུ་ གྲོས་བསྟུན་ཚུ་འབད་ཡོད་རུང་ ཞལ་འཆམ་འབྱུང་མ་ཚུགསཔ་ཨིན་པས།
གན་ཡིག་དེ་གི་སྐོར་ལས་ ཚོགས་ཁང་ནང་ཐོནམ་ཅིག་ འབྲུག་པའི་གླ་འཁོར་དང་ དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཆེ་བའི་ དེད་གཡོགཔ་དང་ ཇོ་བདག་ཚུ་གིས་ ཁོང་གི་ཚོང་འབྲེལ་ལུ་ ཐོ་ཕོག་ནི་ཨིན་པའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ སྣུམ་འཁོར་གྱི་གྱངས་ཁ་ མང་སུ་འགྱོ་མི་དེ་གིས་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ལུ་ཡང་ གནོད་པ་འོང་ནི་ཨིན་པའི་ ཚ་གྱང་ཡོད་ལུགས་ཚུ་ རང་བཞིན་གནས་སྟངས་མཁས་མཆོག་ཚུ་གིས་ བཤད་ཡོདཔ་ད་ མི་མང་གིས་འབད་རུང་ གཞུང་གིས་ གན་ཡིག་དེའི་སྐོར་ལས་ གྲོས་བསྟུན་ཚུ་ མཐིལ་ཕྱིན་མ་འབད་བའི་སྐོར་ལས་ ཁ་ཉེས་བཀལ་ནིའི་ གཞི་གནད་ཅིག་ལུ་གྱུར་ཡི།
སྤྱི་ཚོགས་ལྷན་བཞུགས་ཀྱིས་ གན་ཡིག་དེ་ ཕར་འགྱངས་འབད་ཡོདཔ་ལས་ ནམ་ལོག་བཙུགས་ནི་ཨིན་ན་ མི་ཤེས་ནི་ཨིན་པའི་ཁར་ ཚོགས་ཁང་ནང་ ལོག་སྟེ་ བཙུགས་འདོད་ཡོད་པ་ཅིན་ དཔྱད་ཡིག་གསརཔ་སྦེ་ འོང་དགོཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།