༉ སྤྱི་ལོ་༢༠༡༦ བཟུམ་མེན་པར་ རང་ལུགས་ཀྱི་ མདའ་རྩེདཔ་ཚུ་གིས་ འདས་པའི་བདུན་ཕྲག་ནང་ ཧང་ག་རི་ལུ་ འགོ་འདྲེན་འཐབ་མི་ རྒྱལ་རབས་ཅན་གྱི་ རྒྱལ་སྤྱི་མདའ་རྩེད་འགྲན་བསྡུར་ནང་ལས་ གསེར་གྱི་རྟགས་མ་༢ དང་ དངུལ་གྱི་རྟགས་མ་༡ འབྲུག་ལུ་ འབག་འོང་ཡོདཔ་ཨིན་པས།
སྐྱེས་ལོ་༢༩ ལང་མི་ ཡོན་ཏན་ཕུན་ཚོགས་ཀྱིས་ རང་ལུགས་ཀྱི་མདའ་ཞུའི་ཐོག་ ཐག་རིང་གི་ རྩེད་འགྲན་ནང་ལས་ སྐུགས་བསྡོམས་༢༧༡ ཐོབ་སྟེ་ ཨང་དང་པ་ཐོནམ་ལས་ རྒྱལ་སྤྱིའི་གསེར་གྱི་རྟགས་མ་ འགོ་དང་པ་ཐོབ་ཡོདཔ་ཨིན་པས།
འབྲུག་རང་ལུགས་རྩེད་རིགས་ཚོགས་པའི་ སྔོན་འགྲོའི་རིམ་ཨང བཏོན་མི་དང་འཁྲིལཝ་ད་ ཡོན་ཏན་དེ་ རྒྱལ་ཁབ་ནང་ མདའ་རྩེདཔ་དྲག་ཤོས་༤ ཡོད་མིའི་ གྲངས་སུ་ཚུད་ནུག།
རྒྱལ་སྤྱི་རྩེད་འགྲན་ནང་ འབའ་ཐང་གི་ རིང་ཐུང་མི་ཊར་༤༠ དང་༦༠, ༨༠ དེ་ལས་༡༠༠ དང་ ༡༢༠ ཚུན་འབད་མི་ དབྱེ་ཁག་༥ བཟོ་སྟེ་ཡོདཔ་ད་ མདའ་རྩེདཔ་རེ་གིས འབའ་ཐང་ཐུང་ཀུ་ལས་ རིང་ཤོས་ཀྱི་ འབའ་གུ་དང་ དེ་བཟུམ་སྦེ་ འབའ་ཐང་རིང་ཤོས་ལས་ ཐུང་ཀུའི་འབའ་གུ་ མདའ་༧ རེ་ རྐྱབ་ཡོདཔ་ཨིན་པས།
འགྲན་བསྡུར་སྐབས་ དོ་འགྲན་སྦོམ་བྱུང་ཡོདཔ་ལས་ ཁོ་གིས་ རྒྱལ་ཁ་འཐོབ་ནིའི་ རེ་བ་མ་བསྐྱེད་ཟེར་ ཡོན་ཏན་ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།
རྩེད་འགྲན་ནང་ མདའ་རྩེདཔ་༥ གིས་ བཅའ་མར་གཏོགས་ཡོད་མིའི་གྲས་ལས་ ཡོན་ཏན་ཕུན་ཚོགས་དང་ དམ་ཆོས་དབང་འདུས་༢ ཀྱིས་ གསེར་གྱི་རྟགས་མ་རེ་དང་ ཀརྨ་གིས་ དངུལ་གྱི་རྟགས་མ་ དེ་ལས་ ཨྱོན་རྡོ་རྗེ་དང་ ཚེ་དབང་རྡོ་རྗེ་གིས་ ཨང་༣ པ་དང་༤ པའི་ ལག་ཁྱེར་ཐོབ་ཡོདཔ་ཨིན་པས།
དུས་ཅི་ འབྲུག་གི་མདའ་རྩེདཔ་ཚུ་གིས་ རྒྱལ་སྤྱི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་དང་ རྟགས་མ་འཐོབ་ནིའི་ གོ་སྐབས་དེ་ འགོ་དང་པ་དང་ མཇུག་འོང་ནི་ཨིན་པས།
དེ་ཡང་ འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ སྒྲིག་གཞི་དང་ ལམ་ལུགས་ནང་ མདའ་རྩེདཔ་ཅིག་གིས་ རྒྱལ་སྤྱི་འགྲན་བསྡུར་ནང་ གོ་སྐབས་ཚར་གཅིག་ ཐོབ་ཞིནམ་ལས་ ལྕོགས་གྲུབ་ག་དེ་སྦེ་ར་ཡོད་རུང་ ཤུལ་ལས་ གོ་སྐབས་འཐོབ་ནི་མེདཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་འགོ་དཔོན་ ཚེ་དབང་རྣམ་རྒྱལ་གྱིས་འབད་བ་ཅིན་ རྒྱལ་སྤྱི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་བྱིན་མི་དེ་ ཚོགས་པའི་ཁ་ཐུག་ལས་ མདའ་རྩེདཔ་དྲག་ཤོས་ཚུ་ལུ་ སྤྲོ་འཐུས་བཟུམ་ཅིག་ཨིནམ་མ་ཚད་ གོ་སྐབས་ཚར་གཅིག་ལས་བརྒལ་ མ་བྱིན་མི་དེ་ཡང་ ཚོགས་པའི་ནང་ མདའ་རྩེདཔ་དྲག་ཤོས་ལེ་ཤ་ཡོདཔ་ལས་ ག་ར་ལུ་ གོ་སྐབས་བྱིན་ཐབས་ལུ་ཨིན་ཟེར་ཨིན་པས།
མདའ་རྩེད་ཚོགས་པ་གིས་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་ལས་ མདའ་རྩེདཔ་དྲག་ཤོས་ཚུ་ གདམ་འཐུ་འབད་དོ་ཡོདཔ་ཨིན་པས།
རྒྱལ་རྟགས་ཐོབ་མི་ ཡོན་ཏན་ཕུན་ཚོགས་ཀྱིས་ རྒྱལ་ཁབ་ནང་ རྟགས་མ་ལེ་ཤ་འབག་འོང་ནིའི་དོན་ལུ་ ཚོགས་པ་གིས་ འགྲན་བསྡུར་ནང་ མདའ་རྩེདཔ་དྲག་ཤོས་དང་ ཉམས་མྱོང་ཅན་ཚུ་ གཏང་དགོཔ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཉིམ་རྡོ་རྗེ།