རྒྱ་འབྲུག་མཐུན་འབྲེལ་ཚོགས་པ་གིས་ འབྲུག་གི་གཞུང་ཚབ་ལས་ཁང་དང་ མཉམ་འབྲེལ་ཐོག་ པར་སྐྲུན་འབད་མི་ འབྲུག་གི་དམིགས་བསལ་དུས་དེབ་ གསར་བཏོན་འབད་བའི་བསྒང་།

རྒྱ་འབྲུག་གིས་ མི་དབང་མཆོག་གི་འཁྲུངས་སྟོན་ དམིགས་བསལ་སྦེ་ བརྩི་སྲུང་ཞུ་ཡོདཔ།

ཁ་ཙ་ ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༨ བཞེས་པའི་ འཁྲུངས་སྐར་དུས་ཆེན་དེ་ འབྲུག་དང་ རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ དམིགས་བསལ་གྱི་ ལས་རིམ་ཅིག་སྦེ་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།

དམིགས་བསལ་གྱི་ དུས་སྟོན་བརྩི་སྲུང་དེ་ནང་ སྐུ་མགྲོན་གཙོ་བོ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཨམ་སུསི་མ་ སའུ་རཱཇ་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཡོདཔ་ད་ མོ་གིས་ རྒྱ་གར་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ མི་དབང་མངའ་ཞབས་མཆོག་གི་ སྐུའི་འཁྲུངས་སྟོན་ལུ་ བཀྲིས་ལེགས་སྨོན་ཞུ་ཡོདཔ་མ་ཚད་ མི་དབང་མཆོག་ སྐུ་ཁམས་བཟང་པོ་སྦེ་ བཞུགས་ནི་དང་ འབྲུག་པའི་མི་སེར་ཚུ་ལུ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་འབྱུང་ཐབས་ལུ་ ཐུགས་བརྩོན་གནང་མི་དེ་ འཕྲོ་མཐུད་དེ་ར་ མཐར་འཁྱོལ་འབྱུང་ནི་གི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ཞུ་ནུག།

ཕྱི་བློན་སུསི་མ་ སའུ་རཱཇ་གིས་འབད་བ་ཅིན་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་དེ་ དམིགས་བསལ་ཅན་དང་ མིག་དཔེ་བཟུམ་ཅིག་སྦེ་ གནས་ཡོད་མི་དེ་ཡང་ བརྩི་མཐོང་དང་ རེ་འདོད་ཅོག་འཐདཔ་ དེ་ལས་ བློ་གཏད་དང་ ཕན་ཚུན་གུས་ཞབས་ལུ་ གཞི་བཞག་སྟེ་ཡོདཔ་ལས་ རྒྱ་གར་ལུ་ དཔའ་ཉམས་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།

མོ་གིས་ བཤད་མིའི་ནང་ རྒྱ་གར་དང་ འབྲུག་གི་བར་ན་ གཞན་དང་འདྲ་བའི་ མཐུན་ལམ་ཡོད་མི་དེ་ཡང་ རྒྱལ་རབས་དང་ ལམ་སྲོལ་གྱི་ འབྲེལ་གནད་ཡོད་མི་ལུ་ གཞི་བཞག་སྟེ་ཨིནམ་བཞིན་དུ་ དེ་གི་ནང་དོན་ཉིད་ལས་ཡང་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོདཔ་མཐུན་འབྲེལ་ གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་༥ ལང་ཡོད་པའི་ དུས་དྲན་བརྩི་སྲུང་གི་དོན་ལུ་ སྤྱི་ལོ་༢༠༡༨ དེ་ དྲན་རྟགས་ཅན་ཅིག་ཨིན་ཟེར་ཨིན་པས།

དུས་སྟོན་ཁྱད་པར་ཅན་དེ་ནང་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ཡང་ གྲལ་གཏོགས་གནང་ཡོདཔ་ད་ བློན་པོ་གིས་འབད་བ་ཅིན་ ལོ་ངོ་༥༠ གི་ཧེ་མར་ གཞི་བཙུགས་འབད་མི་ རྒྱ་འབྲུག་གི་ མཐུན་ལམ་དེ་ འབྲུག་གི་མ་འོངས་མངོན་གཟིགས་ཅན་གྱི་ རྒྱལཔོ་རིམ་བྱོན་ཚུ་གི་ དབུ་ཁྲིད་བཟང་པོ་དང་ རྒྱ་གར་གྱི་ ཁྱད་རིག་ལྡན་པའི་ དབུ་ཁྲིད་རིམ་བྱོན་ཚུ་གིས་ རྩ་བརྟན་དང་ དམ་ཟབ་བཟོ་གནང་སྟེ་ཡོད་ཟེར་ཨིན་པས།

རྒྱ་གར་གྱི་ ཁ་ཐུག་ལས་ འབྲུག་གི་མི་སྡེ་དཔལ་འབྱོར་ གོང་འཕེལ་ནང་ འགྱུར་བ་མེད་པའི་ བརྩེ་བའི་རྒྱབ་སྐྱོར་དང་ མཐུན་ལམ་ མཉམ་འབྲེལ་འབད་མི་དེ་ལུ་ འབྲུག་གཞུང་དང་ མི་སེར་གྱི་ མགྲིན་ཚབ་ལུ་ བློན་པོ་དམ་ཆོས་རྡོ་རྗེ་གིས་ རྒྱ་གཞུང་དང་ མི་སེར་ཚུ་ལུ་ བཀྲིན་དགའ་ཚོར་དང་ ཡིད་ཆེས་ངལ་རངས་ཡོད་ལུགས་བཤད་ནུག།

དུས་སྟོན་བརྩི་སྲུང་སྐབས་ ཕྱི་འབྲེལ་བློན་པོ་ སུསི་མ་ སའུ་རཱཇ་དང་ བློན་པོ་དམ་ཆོས་རྡོ་རྗེ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འབྲུག་གི་རྗེས་དྲན་འགྲེམ་རྟགས་ཚུ་ གསར་བཏོན་འབད་ཡོདཔ་ད་ འབྲུག་གི་འགྲེམ་རྟགས་ཚུ་ འབྲུག་འགྲེམ་ལས་འཛིན་གྱིས་ པར་སྐྲུན་འབད་མི་དེ་ཡང་ རྒྱ་འབྲུག་གི་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༥༠ ལང་མི་དང་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པ་གིས་ འབྲུག་གི་གཞུང་ཚབ་ལས་ཁང་དང་ མཉམ་འབྲེལ་ཐོག་ པར་སྐྲུན་འབད་མི་ འབྲུག་གི་དམིགས་བསལ་དུས་དེབ་ཀྱི་དོན་ལུ་ཨིན་ཟེར་ ནིའུ་ལྡི་ལི་ འབྲུག་གི་གཞུང་ཚབ་ལས་ཁང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

ད་རུང་ རྒྱ་གར་ལུ་ ཤེས་ཡོན་སྦྱང་མི་ འབྲུག་མི་སློབ་ཕྲུག་ཚུ་གི་དོན་ལུ་ རྒྱ་འབྲུག་མཐུན་ལམ་གྱི་ བརྗོད་དོན་ཐོག་ལུ་ གཞུང་ཚབ་ལས་ཁང་གིས་ འབྲི་རྩོམ་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་མི་ནང་ལས་ དྲག་ཤོས་༣ ཐོན་མི་ལུ་ སྐུ་མགྲོན་གཙོ་བོ་གིས་ གསོལ་རས་ཚུ་ བྱིན་ཡོདཔ་ཨིན་པས།

རྒྱལ་གཞུང་འཆམ་དང་ ཟློས་གར་སྤེལ་ཁང་གི་ སྙན་ཆ་མཁནམ་དང་ འབྲུག་གི་གློག་བརྙན་ནང་ ཡོངས་གྲས་ཅན་གྱི་ འཁྲབ་རྩེདཔོ་དང་འཁྲབ་རྩེདམོ་ ཞབས་ཁྲ་འཐེན་མི་དང་ བགོད་བྲ་བསྒྱུར་མི་ དེ་ལས་ རྒྱ་གར་ལུ་ དཔེ་ཆ་ལྟ་མི་ འབྲུག་གི་སློབ་ཕྲུག་ཚུ་གིས་ རང་ལུགས་ཀྱི་ ལྟད་མོའི་ལས་རིམ་ཚུ་ སྤྱན་འབུལ་ཞུ་ཡོད་མ་ཚད་ རྒྱ་གར་གྱི་ ཧོངས་ལས་ཡང་ སྤྲོ་སྟོན་ལས་རིམ་ཚུ་ སྤྱན་འབུལ་ཞུ་ཡོདཔ་ཨིན་པས།

དུས་སྟོན་སྐབས་ རྒྱ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ ལྡི་ལི་ལུ་ཡོད་མི་ ཕྱི་འབྲེལ་དོན་གཅོདཔ་ དེ་ལས་ འབྲུག་གི་ཆ་རོགས་དང་ ལེགས་སྨོན་ཅན་ འབྲུག་གི་མི་སྡེ་དང་ ནིའུ་ལྡི་ལི་ཕྱི་ནང་ལུ་ ཤེས་ཡོན་སྦྱང་མི་ འབྲུག་མི་སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

རྒྱ་འབྲུག་མཐུན་འབྲེལ་གྱི་ དུས་སྟོན་བརྩི་སྲུང་དེ་ རྒྱལ་ཁབ་གཉིས་ཆ་རའི་ནང་ ལམ་སྲོལ་ལས་རིམ་དང་ འགྲེམས་སྟོན་ གྲོས་བསྡུར་ཞལ་འཛོམས་ལ་སོགས་པ་ཚུ་ གོ་རིམ་བཞིན་དུ་ འགོ་འདྲེན་འཐབ་ཐོག་ལས་ ལོ་༡ གི་རིང་ བརྩི་སྲུང་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *