རྒྱ་འབྲུག་གི་ མཉམ་འབྲེལ་ལས་འགུལ་༨༢ ལས་༡༦ མཇུག་བསྡུ་ཡོདཔ།

༉ རྒྱ་གར་གཞུང་གིས་ མ་དངུལ་ཟད་འགྲོ་བཏང་ཐོག་ལས་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ དངུལ་ཀྲམ་ཐེར་འབུམ་༢༨ དེ་ཅིག་གནས་པའི་ མཉམ་འབྲེལ་ལས་འགུལ་ཁག་༨༢ ཡོད་མི་ལས་ ད་ཚུན་གྱི་བར་ན་ ལས་འགུལ་༡༦ རྐྱངམ་གཅིག་ མཇུག་བསྡུ་ནུག།

དངུལ་ཀྲམ་ས་ཡ་༢༥,༡༩༡.༣༡༤ གནས་པའི་ ལས་འགུལ་གཞན་༦༦ ལས་ མང་ཤོས་ར་ མཇུག་བསྡུ་རན་ཁར་ ལྷོད་དེ་ ཡོདཔ་ད་ ལ་ལོ་ཅིག་ ལཱ་གི་གནས་ཚད་ སོ་སོར་ནང་ ལྷོད་དེ་ཡོདཔ་ཨིན་པས།

མཉམ་འབྲེལ་ལས་འགུལ་ཚུ་གི་གྲས་ལས་ པདྨ་དགའ་ཚལ་རྫོང་གསར་བཞེངས་དང་ བཀང་ལུང་དང་ ངང་ལམ་གྱི་ ཁྲོམ་སྡེ་གོང་འཕེལ་མཐུན་རྐྱེན་ དེ་ལས་ བདེ་བ་ཐང་ལུ་ ཉལ་ཁྲི་༤༠ འབད་མི་ སྨན་ཁང་བཟོ་སྐྲུན་དང་ སཱུན་ཀོཤ་-དར་དཀར་དཔལ་ལའི་གཞུང་ལམ་ ཀི་ལོ་མི་ཊར་༤༥.༥ འབད་མི་དང་ བོང་སྡེ་མ་བཟོ་གྲྭ་གླིང་གའི་ གོང་འཕེལ་གྱི་ ལཱ་ཚུ་ཨིན་པས།

ལས་འགུལ་ཚུ་གི་ གྲུབ་འབྲས་སྐོར་ལས་ ཁ་ཙ་ ཐིམ་ཕུག་ལུ་ འགོ་འདྲེན་འཐབ་མི་ འབྲུག་དང་རྒྱ་གར་གྱི་བར་ན་ ལས་འགུལ་ལྟ་རྟོག་ཚོགས་ཆུང་གི་ ཞལ་འཛོམས་སྐབས་ གྲོས་བསྟུན་འབད་ཡོདཔ་ཨིན་པས།

ཚོགས་ཆུང་གིས་ གྲུབ་འབྲས་ལེགས་ཐོན་བྱུང་མི་ ལས་འགུལ་༩ གི་ ཟད་འགྲོ་ཡར་སེང་འགྱོ་མིའི་ སྙན་ཞུ་ཚུ་ བཙུགས་དགོ་ པའི་ གྲོས་འདེབས་བཀོད་ཡོདཔ་ད་ ལས་འགུལ་༥ གི་ ནང་འགྲིག་འབད་ནི་དང་ དངུལ་ཀྲམ་ས་ཡ་༥,༥༤༨.༧༨༧ འཕྲལ་མགྱོགས་སྦེ་ འཛིན་གྲོལ་འབད་དགོ་པའི་ གནད་དོན་ཚུ་ལུ་ གྲོས་བསྡུར་བྱུང་ནུག།

ལྟ་རྟོག་ཚོགས་ཆུང་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ དྲུང་ཆེན་ངོ་ཚབ་ དབང་ཕྱུག་རྣམ་རྒྱལ་གྱིས་ རྒྱ་ གཞུང་གི་ ཕྱི་འབྲེལ་ལྷན་ཁག་གི་ བྱང་ཕྱོགས་མདོ་ཆེན་ ཨ་མིཏ་ཤུག་ལ་དང་གཅིག་ཁར་ མཉམ་སྡེབ་ཐོག་ འགོ་ཁྲིད་འབད་ཡོདཔ་ཨིན་པས།

ཚོགས་ཆུང་དེ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ཕྱི་འབྲེལ་ལྷན་ཁག་ དངུལ་རྩིས་ལྷན་ཁག་ རྒྱ་ གར་གྱི་གཞུང་ཚབ་ ཌན་ཊག་ལས་འགུལ་དང་ མཉམ་འབྲེལ་ལས་འགུལ་བསྟར་སྤྱོད་འབད་མི་ ལས་སྡེ་དང་ཡི ག་ཚང་ཚུ་གིས་ གྲལ་གཏོགས་འབད་ནུག།

ད་ལྟོའི་ འཆར་ལོ་ནང་ རྒྱ་གཞུང་གིས་ འབྲུག་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༤༥ གྲོགས་རམ་འབད་ནི་སྦེ་ ཁས་ལེན་ འབད་ཡོདཔ་ཨིན་པས།

དབང་ཕྱུག་རྣམ་རྒྱལ་གྱིས་ སླབ་མིའི་ནང་ དངུལ་ཀྲམ་ཐེར་འབུམ་༤༥ ལས་ འབྲུག་གིས་ དངུལ་ཀྲམ་ཐེར་འབུམ་༣༡.༦ ཐོབ་མི་དེ་ ཡོངས་བསྡོམ་མ་དངུལ་ལས་ བརྒྱ་ཆ་༧༠.༢༦ དེ་ཅིག་ཨིནམ་ད་ ལས་འགུལ་ལྷག་ལུས་ཚུ་ག་ར་ དུས་ཚོད་ཁར་ མཇུག་བསྡུ་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཨ་མིཏ་ཤུག་ལ་གིས་ ནད་ཡམས་ཀྱི་ གདོང་ལེན་བྱུང་སྟེ་འབད་རུང་ རྒྱ་གཞུང་གིས་ འཆར་ དངུལ་འཛིན་གྲོལ་འབད་ཚུགས་མི་དེ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་པའི་ རྟགས་མཚན་ཨིན་ཟེར་ བཤད་ནུག།

ཁོ་གིས་ སླབ་མིའི་ནང་ ལྷག་ལུས་མ་དངུལ་ཚུ་ཡང་ དུས་ཚོད་ཁར་ འཛིན་གྲོལ་འབད་འོང་ཟེར་ཨིནམ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ནད་ཡམས་ཀྱིས་ ལས་འགུལ་ལག་ལེན་འཐབ་ནི་ལུ་ དམིགས་བསལ་དུ་ ཕྱིའི་ལས་མི་དགོ་མི་དང་ ཅ་ཆས་ཚུ་ བཏོན་དགོ་མི་ཚུ་ལུ་ གནོད་པ་རྐྱབ་ཅི་ཟེར་ཨིན་པས།

ཨིན་རུང་ ལས་འགུལ་ཚུ་ག་ར་ མ་དངུལ་ཚད་རྩིས་བཀོད་མི་དེ་གིས་ར་ མཇུག་བསྡུ་འོང་ཟེར་ཨིནམ་ད་ ཚོགས་ཆུང་གིས་ གྲུབ་འབྲས་ལེགས་ཤོམ་ཐོན་མི་ལས་འགུལ་ སྤ་རོ་ལུ་ཡོད་མི་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་ཁང་དང་ ཨའི་དང་ཨ་ལོའི་དོན་ལུ་ ཉལ་ཁྲི་༡༥༠ འབད་མི་ སྨན་ཁང་རྐྱབ་མི་ དེ་ལས་ བཟོ་གྲྭ་ཆུང་བ་དང་ བར་མའི་ཚོང་ཁྲོམ་ དེ་ལས་ ཆུ་བར་ཆུ་དང་ འབྱུང་བཞི་ནང་གི་བར་ན་ སྣུམ་འཁོར་༤ ཤོང་མི་ འཁོར་ལམ་དང་ དབང་འདུས་ཕོ་བྲང་རྫོང་བསྐྱར་བཞེངས་འབད་མི་ཚུ་ནང་ གྲོགས་རམ་འབད་ནུག། 

ལས་འགུལ་ལྟ་རྟོག་ཚོགས་ཆུང་གིས་ ཞལ་འཛོམས་དང་པ་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༣ ལུ་ ཡོངས་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *