ས་རུད་ཆད་མིའི་ནང་ལས་ ཕུངམ་འཚོལ་ཞིབ་འབད་བའི་བསྒང་།

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ ཀྱི་ཕུངམ་ འཚོལ་ཐོབ་ཡོདཔ་ཨིན་པས།

ཆུ་རུད་དེ་གིས་ རང་ལུགས་ཀྱི་ སྡོད་ཁྱིམ་༢ ཡང་ འཕྱགས་བདའ་ཡོདཔ་བཞིན་དུ་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་དང་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

གནས་ཚུལ་འབྱུང་ཁུངས་ཚུ་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པ་དང་ ནགས་ཚལ་འགོ་དཔོན་ བསྟན་སྲུང་དམག་མི་ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་གི་ འགོ་དཔོན་ཚུ་དང་ བདེ་སྲུངཔ་ དེ་ལས་ ས་གནས་ཀྱི་ གཡུས་མི་ཚུ་གིས་ དྲོ་པ་ཧ་སག་ལས་ འཚོལ་ཞིབ་འབད་ནི་འགོ་བཙུགས་ཡོདཔ་བཞིན་དུ་ ཕོ་སྐྱེས་༡ གི་ཕུངམ་ འཚོལ་ཐོབ་ཡོདཔ་ཨིན་པས།

དེ་ལས་ ཉེན་སྲུང་སྡེ་ཚན་གྱིས་ སའི་འོག་ལུ་ཚུད་མི་ བཟའ་གྲོགས་ཅིག་ཡང་ སྲོག་སྐྱབས་འབད་ཞིནམ་ལས་ མོང་སྒར་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ འཕྲོ་མཐུད་གཞན་མི་༤ པོ་དེ་ཡང་ འཚོལ་ཡོད་མི་ལུ་བརྟེན་ ཨམ་སྲུ་༢ ཀྱི་ཕུངམ་ ཐོབ་ཡོདཔ་ཨིན་པས།

གནས་ཚུལ་ཤེས་རྟོགས་བྱུང་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེན་སྲུང་སྡེ་ཚན་གྱིས་ གཞན་མི་༢ ནངས་པར་འཕྲོ་མཐུད་འཚོལ་ནི་ཨིན་པས། 

གནས་ཚུལ་འབྱུང་ཁུངས་ཚུ་ནང་འཁྲིལཝ་ད་ བཟའ་གྲོགས་དེ་ཡང་ སྨན་ཁང་ནང་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོདཔ་ད་ ཆུ་རུད་དེ་ དེ་ཚེ་ནུབ་མོར་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།

དེ་དང་འདྲཝ་སྦེ་ ཁ་ཙ་དྲོ་པར་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཕྱི་རུ་ཨ་རྟག་ར་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ ཀྲོང་གསར་སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་སྤྱི་འོག་ནང་ ཆུ་རུད་ཐོན་མི་དེ་གིས་ ཁྱིམ་གུང་པ་༡༠ དེ་ཅིག་གི་ འབྱ་ཞིང་ཨེ་ཀར་༡༠ ལྷགཔ་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།

ས་གནས་ཀྱི་ འགོ་ཁྲིདཔ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཀེ་ལ་སྤྱི་འོག་དེ་ རྫོང་ཁག་ནང་ རེད་མཐོ་ཤོས་ ཐོན་སྐྱེད་འབད་མི་ཅིག་ཨིནམ་ད་ བྱུང་རྐྱེན་དེ་ནང་ མིའི་ཚེ་སྲོག་ལུ་ བར་ཆད་ག་ནི་ཡང་ མ་བྱུངམ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *