རྒྱ་གར་ཨ་སམ་ལུ་ སྨྱོ་རྫས་ནག་ཚོང་འཐབ་མི་ འབྲུག་མི་༢ འཛིན་བཟུང་འབད་ཡོདཔ།

སྤྱི་ཟླ་༨ པའི་ཚེས་༡༨ ལུ་ བསམ་གྲུབ་ལྗོངས་མཁར་ བསམ་རང་དང་ རྒྱ་གར་གྱི་ས་མཚམས་ཁར་ ཨ་སམ་གྱི་ ས་ཤསི་ཊ་ར་སི་མ་བཱལ་ ཨེས་ཨེས་བི་དམག་མི་ཚུ་གིས་ སྨྱོ་རྫས་ནག་ཚོང་འཐབ་མི་ འབྲུག་མི་༢ འཛིན་བཟུང་འབད་ཡོད་མི་དེ་ ཁ་ཙ་ བསམ་གྲུབ་ཆོས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ རྩིས་ལེན་པའི་ཤུལ་ལུ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་ཅན་ཕོ་སྐྱེས་༢ དང་ འཕྱོག་བཟུང་འབད་མི་ སྨྱོ་རྫས་ཀེ་ན་བིས་ཚུ་ ཨེས་ཨེས་བི་དམག་མི་ཚུ་ལས་ རྩིས་ལེན་འབད་དེ་ དོགས་ཅན་༢ ལུ་ དྲི་དཔྱད་འབད་བའི་སྐབས་ ཀེ་ན་བིས་ཚུ་ བསམ་གྲུབ་ཆོས་གླིང་དྲུང་ མར་ཚ་ལ་ལས་ བསྡུ་བསྒྱོམ་འབད་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།

འགོ་དཔོན་གྱིས་འབད་བ་ཅིན་ སྐྱེས་ལོ་༣༨ དང་༣༨ ལང་མི་ དོགས་པ་ཅན་༢ པོ་དེ་ ཨེས་ཨེས་བི་དམག་མི་གིས་ ཨ་སམ་གྱི་ས་གནས་ དི་མ་ཀུ་ཅི་ལུ་ ནག་ཚོང་འཐབ་ནིའི་ དཔའ་བཅམ་པའི་སྐབས་ འཛིན་བཟུང་འབད་ནུག་ཟེར་ཨིནམ་ད་ ཁོང་༢ ལས་ ཀེ་ན་བིས་ཀེ་ཇི་༣༥ དེ་ཅིག་ འཕྱོག་བཟུང་འབད་ནུག་ཟེར་ སླབ་ཨིན་པས།

དོགས་པ་ཅན་༢ ཀྱིས་ ཀེ་ན་བིས་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢,༧༠༠ དེ་ཅིག་སྦེ་ ཚོང་འབྲེལ་འཐབ་ནུག་ཟེར་ཨིནམ་ད་ ཨེས་ཨེས་བི་གིས་ ཉོ་མི་ཚུ་ཡང་ འཛིན་བཟུང་འབད་ནིའི་དོན་ལུ་ ཞིབ་དཔྱད་འབད་དོ་ཡོདཔ་བཞིན་དུ་ ད་ལྟོ་ ངོས་འཛིན་འབད་མ་ཚུགས་པར་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཨ་སམ་གྱི་བརྡ་བརྒྱུད་ ནོརཌ་ཨིསིཌ་ནའོ་ཟེར་མིའི་ནང་ བཀྲམ་སྤེལ་འབད་མི་དང་འཁྲིལཝ་ད་ དོགས་པ་ཅན་༢ ཀྱིས་ ཀེ་ན་བིས་ཚུ་ ཁོང་རའི་སྣུམ་འཁོར་བོ་ལེ་རོ་ནང་ ནག་ཚོང་འཐབ་ནིའི་ དཔའ་བཅམ་པའི་སྐབས་ འཛིན་བཟུང་འབད་བའི་ཤུལ་ལུ་ དི་མ་ཀུ་ཅི་ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

དེ་ལས་ དི་མ་ཀུ་ཅི་ཁྲིམས་སྲུང་འགག་པ་གིས་ ཁྲིམས་མཐུན་གྱི་ ཉེས་ཁྲིམས་བཀལ་ཐབས་ལུ་ དོགས་པ་ཅན་༢ དང་ འཕྱོག་བཟུང་འབད་མི་ སྨྱོ་རྫས་ཀེ་ན་བིས་ཚུ་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་བཞིན་དུ་ ད་ལྟོ་ གནད་དོན་དེ་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *