མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་དང་ རྒྱ་གར་གྱི་ སྲིད་འཛིན་འོག་མ་ བིན་ཀ་ནའི་དུརྣམ་༢ ཀྱིས་ རྒྱ་འབྲུག་གི་ ཕྱི་འབྲེལ་དོན་གཅོད་པའི་མཐུན་འབྲེལ་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ འབྲུག་གི་ལམ་སྲོལ་ འགོ་འབྱེད་གནང་པའི་བསྒང་།

རྒྱ་གར་ལྡི་ལི་ལུ་ འབྲུག་པའི་ལམ་སྲོལ་ འགྲེམས་སྟོན་འགོ་བཙུགས་ཡོདཔ།

༉ རྒྱ་གར་དང་ འབྲུག་གི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ ཁ་ཙ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཨིན་ཌ་ར་གཱན་དྷི་ སྒྱུ་རྩལ་རྒྱལ་ཡོངས་ལྟེ་བའི་ ས་ཁོངས་ནང་སྦེ་ འབྲུག་གི་བདུན་ཕྲག་ཟེར་མི་ འབྲུག་པའི་ལམ་སྲོལ་ འགྲེམས་སྟོན་འགོ་བཙུགས་ཅི།
འགྲེམས་སྟོན་དེ་ཡང་ རང་ལུགས་ཆིབས་གྲལ་བཙར་ཐོག་ལས་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་དང་ རྒྱ་གར་གྱི་ སྲིད་འཛིན་འོགམ་ བིན་ཀ་ནའི་དུརྣམ་༢ ཀྱིས་ འགོ་འབྱེད་གནང་ཡི།
མི་དབང་རྒྱལ་ཡུམ་མཆོག་དང་ ཕྱག་ཞུ་སྟེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ ཕྱི་འབྲེལ་དྲུང་ཆེན་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་ བྱོན་ཡོདཔ་ད་ འགྲེམས་སྟོན་དེ་ནང་ བཅའ་མར་གཏོགས་མི་༣༠༠ ལྷགཔ་ཅིག་གིས་ འབྲུག་པའི་ལམ་སྲོལ་དང་ འཚོ་བའི་གནས་སྟངས་ བཟོ་རིག་བཅུ་གསུམ་དང་ ལག་བཟོ་ འཆམ་ ཆོས་དང་ ལམ་སྲོལ་ལ་སོགས་པའི་ བརྗོད་དོན་༡༥ ཐོག་ལུ་ གསལ་སྟོན་འབད་ནི་ཨིན་པས།
འབྲུག་གི་བདུན་ཕྲག་ལས་རིམ་དེ་ཡང་ རྒྱ་འབྲུག་གི་བར་ན་ དམིགས་བསལ་གྱི་ མཛའ་བཤེས་མཐུན་འབྲེལ་ བརྩི་སྲུང་ཞུ་ནི་དང་ རྒྱ་གར་དེ་ འབྲུག་རྒྱལ་ཁབ་ཀྱི་ མཐུན་ལམ་ཅན་གྱི་ རྒྱལ་ཁབ་གཙོ་བོ་ཅིག་ ཨིན་མི་ལུ་ དགའ་ཚོར་ཡོད་ལུགས་ ཞུ་ཐབས་ལུ་ཨིན་པས།
དེ་མ་ཚད་ འབྲུག་གི་ལམ་སྲོལ་ཚུ་ མི་ཉམས་གོང་འཕེལ་གཏང་ནི་དང་ རྒྱལ་ཁབ་༢ ཀྱི་ མི་སེར་ཚུ་གི་བར་ནའི་ མཐུན་འབྲེལ་དང་ ཚོང་འབྲེལ་གོང་འཕེལ་གཏང་ནིའི་ ལྷན་ཐབས་འབད་ཐབས་ལུ་ཨིན་པས།
རྒྱ་འབྲུག་༢ ཀྱི་ མཐུན་ལམ་དེ་ཡང་ སྤྱི་ལོ་༡༩༦༨ ལས་ འགོ་བཙུགས་ཡོདཔ་ད་ ལས་རིམ་སྐབས་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ གསུངས་མིའི་ནང་ འདས་པའི་ལོ་ངོ་༥༠ ནང་ རྒྱ་འབྲུག་གི་བར་ན་ དོན་གཅོད་གཞི་བཙུགས་འབད་བའི་ཤུལ་ལས་ རྒྱལ་ཁབ་༢ ཀྱི་བར་ནའི་ མཐུན་ལམ་དེ་ གོང་འཕེལ་སོང་ཡི་ཟེར་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ གསུངས་མིའི་ནང་ རྒྱ་གར་འདི་ ཁྱིམ་ཚང་རྒྱལ་ཁབ་རྐྱངམ་གཅིག་མེན་པར་ དམིགས་བསལ་གྱི་ མཛའ་བཤེས་དམ་ཟབ་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་བཞིན་དུ་ བློ་གཏད་དང་ བརྩི་བཀུར་ དེ་ལས་ གོ་རྟོགས་ལེགས་ཤོམ་ཡོད་མི་ལུ་བརྟེན་ མཐུན་ལམ་དེ་ སྒྲིང་སྒྲི་སོང་སྟེ་ཡོད་ཟེར་ཨིན་པས།
འབྲུག་གི་བདུན་ཕྲག་ལས་རིམ་དེ་ རྒྱ་འབྲུག་༢ ཀྱི་ མཐུན་ལམ་བརྩི་སྲུང་ཞུ་མིའི་གྲས་ལས་ ལས་རིམ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་རབས་ཅན་གྱི་ ལས་རིམ་ཅིག་ཡང་ཨིནམ་ད་ རྒྱལ་ཁབ་ཀྱི་ཕྱི་ཁར་ ལས་རིམ་སྦོམ་ཅིག་ བརྩི་སྲུང་ཞུ་མི་དེ་ ད་རེས་ འགོ་དང་པ་ཨིན་ཟེར་ མི་དབང་རྒྱལ་ཡུམ་མཆོག་གིས་གསུངས་ཡི།
རྒྱ་གར་གྱི་ སྲིད་འཛིན་འོགམ་ བིན་ཀ་ནའི་དུ་གིས་ ལས་རིམ་དེ་ལུ་བརྟེན་ རྒྱ་འབྲུག་༢ ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་མི་ལུ་ གུས་བཏུད་ཞུ་ནི་གི་ གོ་སྐབས་བཟང་པོ་ཅིག་ཨིན་མས་ཟེར་ བཤད་པའི་ཁར་ མ་གཞི་ རྒྱལ་ཁབ་༢ ཀྱི་བར་ན་ དོན་གཅོད་མཐུན་ལམ་གཞི་བཙུགས་འབད་དེ་ ལོ་༥༠ འཁོར་ཡོད་རུང་ ལམ་སྲོལ་དང་ ཆོས་ རྒྱལ་རབས་ དེ་ལས་ རྒྱ་གར་དང་ འབྲུག་གི་ མི་སྡེའི་མཐུན་ལམ་དེ་ ཧེ་མ་ལས་ར་ གནས་ནུག་ཟེར་ཨིན་པས།
ལས་རིམ་དེ་ ནིའུ་ལྡི་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་དང་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་ དེ་ལས་ ལམ་སྲོལ་མཐུན་འབྲེལ་ཚོགས་སྡེ་གིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཨིན་པས།
བདུན་ཕྲག་༡ གི་ ལས་རིམ་དེ་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ནིའུ་ལྡི་ལི་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *