རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ བི་ཇེ་ གོ་ཁ་ལེ་༢ ཀྱི་བར་ན་ གསུང་གྲོས་གནང་པའི་བསྒང་།

རྒྱ་གར་གྱིས་ འབྲུག་ལུ་ རྒྱབ་སྐྱོར་འཕྲོ་མཐུད་འབད་ནིའི་ཁས་ལེན།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་ལུ་ གཞུང་དོན་ལྟ་སྐོར་ནང་འོང་མི་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ བི་ཇེ་ གོ་ཁ་ལེ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།
དེ་གི་ཧེ་མར་ ཕྱི་འབྲེལ་དྲུང་ཆེན་ གོ་ཁ་ལེ་གིས་ རྒྱལ་ཡོངས་ཚོགས་ཁང་ནང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་ཡང་ མཇལ་ཕྲད་ཞུ་ནུག།
དེ་བསྒང་ བློན་ཆེན་གྱིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ མོ་དི་གིས་ འཕྲལ་ཁམས་ཅིག་ཁར་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ རྒྱལ་ཁ་ཐོབ་མི་ལུ་ བཀྲིས་བདེ་ལེགས་ཡོད་ལུགས་ཀྱི་ བརྒྱུད་འཕྲིན་གནང་མི་ལུ་ ཡིད་ཆེས་ངལ་རངས་དང་ དགའ་ཚོར་ཡོད་ཟེར་ བཤད་པའི་ཁར་ རྒྱལ་ཁབ་༢ ཀྱི་བར་ན་ དམིགས་བསལ་གྱི་ མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ཡོད་མི་དེ་ ལྷག་པར་དུ་ རྩ་བརྟན་བཟོ་ནིའི་ ཁས་བླངས་གནང་ཡི་ཟེར་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
བློན་ཆེན་གྱིས་ རྒྱ་འབྲུག་གི་ ཕྱི་འབྲེལ་སྲིད་བྱུས་དེ་ ལོ་༥ འི་རྒྱབ་ལས་ གཞུང་ཚར་རེ་སོརཝ་ད་ སོར་ནི་མི་འོང་ཟེར་ བཤད་ཡོདཔ་ད་ ཕྱི་འབྲེལ་དྲུང་ཆེན་གྱིས་ རྒྱ་གར་གཞུང་གི་ བློན་ཆེན་ལས་གནང་མི་ བཀྲིས་ལེགས་སྨོན་གྱི་ གསུང་འཕྲིན་དེ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་ལུ་ ཞུ་ཡོདཔ་མ་ཚད་ རྒྱ་གར་གྱིས་ གཙོ་རིམ་དང་འཁྲིལ་ འབྲུག་ལུ་ རྒྱབ་སྐྱོར་འཕྲོ་མཐུད་འབད་ནིའི་ ཁས་བླངས་ཡོད་ལུགས་ཞུ་ཡོདཔ་ཨིན་པས།
བློན་ཆེན་མོ་དིའི་ མགྲིན་ཚབ་ ཕྱི་འབྲེལ་དྲུང་ཆེན་གྱིས་ བློན་ཆེན་མཆོག་ རྒྱ་གར་ལུ་ གཟིགས་སྐོར་ནང་ འབྱོན་དགོ་པའི་ མགྲོན་བརྡ་ཕུལ་ཡོདཔ་ཨིན་པས།
བློན་ཆེན་དང་ ཕྱི་འབྲེལ་དྲུང་ཆེན་༢ ཀྱིས་ འཆར་གཞི་༡༢ པའི་འཆར་གཞི་དང་ གཞན་ཡང་རྒྱལ་ཁབ་༢ ལུ་ མོས་མཐུན་ཡོད་པའི་ གོང་འཕེལ་ལས་སྣ་ཚུའི་སྐོར་ལས་ཡང་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *