རྒྱ་གར་གྱིས་ འབྲུག་ལས་ རྡོག་མ་གསརཔ་ཚུ་ ནང་འདྲེན་འབད་བཅུག་དོ་ཡོདཔ།

༉ འབྲུག་གི་རྡོག་མ་ལུ་ ཉུང་མཐའི་ནང་འདྲེན་གོང་ཚད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥༡ སྤྲོད་མ་དགོ་པར་ རྒྱ་གར་གྱིས་ ཇའི་སྒང་བརྒྱུད་དེ་ རྡོག་མ་གསརཔ་ཚུ་ ནང་འདྲེན་འབད་བཅུག་དོ་ཡོདཔ་ལས་ འབྲུག་པའི་སོ་ནམ་པ་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་པས།

ལོ་བསྟར་བཞིན་དུ་ འབྲུག་ལས་ རྡོག་མ་གསརཔ་ མེ་ཊིག་ཊཱོན་༡༧,༠༠༠ དེ་ཅིག་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་བཅུག་དོ་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ རྒྱ་གར་གྱི་ ཕྱིའི་ཚོང་འབྲེལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་ སྲིད་བྱུས་བསྒྱུར་བཅོས་ཀྱི་ གསལ་བསྒྲགས་ནང་ བཀོད་ཡོདཔ་ཨིན་པས།

ཨིན་རུང་ ཇའི་སྒང་ས་ཐོག་ཅ་དམ་ལྟེ་བ་རྐྱངམ་གཅིག་གིས་ འབད་ཆོག་ནི་ཨིནམ་ད་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ ལྟེ་བ་བརྒྱུད་དེ་ ལོ་བསྟར་བཞིན་དུ་ འབྲུག་ལས་ ཉུང་མཐའི་གོང་ཚད་ སྤྲོད་མ་དགོ་པར་ རྡོག་མ་གསརཔ་ མེ་ཊིག་ཊཱོན་༡༧,༠༠༠ དེ་ཅིག་ ཕྱིར་ཚོང་འཐབ་ཆོག་ནི་ཨིན་རུང་ ཡོངས་ཁྱབ་མདོ་ཆེན་ཡིག་ཚང་གིས་བྱིན་མི་ ཐོ་བཀོད་ལག་ཁྱེར་དེ་ བདེན་དཔྱད་འབད་ནི་ཨིན་པས།

འདས་པའི་ལོ་དག་པ་ཅིག་ནང་ ཕུན་ཚོགས་གླིང་དང་ བསམ་རྩེའི་ སོ་ནམ་པ་དང་ ཕྱིར་ཚོང་པ་ཚུ་ ས་མཚམས་ཕྱི་ཁར་ རྡོག་མ་ཕྱིར་ཚོང་འཐབ་ནིའི་དོན་ལུ་ གདོང་ལེན་བྱུང་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་ ཕྱིར་ཚོང་པ་ཚུ་གིས་ ཐོན་སྐྱོད་བཙོང་མ་ཚུགས་པར་ རྡོག་མ་མེ་ཊིག་ཊཱོན་ལས་བཅད་དེ་ མེདཔ་ཐལ་ཡོདཔ་ཨིན་པས།

དེ་ཡང་ རྒྱ་གར་གཞུང་གིས་ ཚོང་འབྲེལ་པ་ཚུ་ལུ་ གལ་སྲིད་ རྡོག་མའི་གོང་ཚད་དེ་ ཀེ་ཇི་རེ་ལུ་ གོང་ཚད་དམའ་ཤོས་དངུལ་ཀྲམ་༢༥༡ རེ་སྦེ་ཡོད་པ་ཅིན་ ནང་འདྲེན་འཐབ་མ་ཆོགཔ་སྦེ་ བཟོ་མི་ལུ་བརྟེན་ཨིན་པས།

འབྲུག་པའི་སོ་ནམ་པ་ཚུ་གིས་ རྡོག་མ་གསརཔ་ཚུ་ བཙོང་དོ་ཡོདཔ་ད་ སོ་ནམ་པ་ཚུ་གིས་ ཕུན་ཚོགས་གླིང་གི་ ཕྱིར་ཚོང་པ་ཚུ་ལུ་ རྡོག་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥ ལས་༤༠ གི་བར་ན་ བཙོང་དོ་ཡོད་རུང་ ཕྱིར་ཚོང་པ་ཚུ་གིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠ ལས་༤༥ ཡར་སེང་འབད་དེ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་གི་ ཕྱིར་ཚོང་པ་ཅིག་གིས་ སླབ་མིའི་ནང་ རྒྱ་གར་གཞུང་གིས་ སྲིད་བྱུས་བསྒྱུར་བཅོས་འབད་དེ་ སོ་ནམ་པ་དང་ ཕྱིར་ཚོང་པ་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིནམ་བཞིན་དུ་ དེ་གིས་ རྒྱ་གར་དང་ འབྲུག་གཞུང་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།

ཨིན་རུང་ ལམ་ལུགས་དང་འཁྲིལ་ཏེ་ ལེགས་ཤོམ་སྦེ་ འབད་དགོ་པའི་ཁར་ ཏི་རུ་སྤྲོད་ནི་ཚུ་ཡང་ འོས་འབབ་ལྡན་པའི་ ལམ་ལུགས་ཐོག་ལས་ འགྱོ་དགོ་ཟེར་ ཕྱིར་ཚོང་པ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཕྱིར་ཚོང་འཐབ་པའི་སྐབས་ ཨ་རྟག་ར་ བར་ཚོང་པ་ཚུ་ གྲལ་གཏོགས་འབད་དོ་ཡོདཔ་ད་ གཞུང་གིས་ སོ་ནམ་པ་དང་ ཕྱིར་ཚོང་པ་ཚུ་དང་ ཐད་ཀར་དུ་ འབྲེལ་མཐུན་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *