རྒྱ་གར་གྱི་ འབུ་རས་གྱོན་ཆས་ཚུ་ལུ་ མཁོ་འདོད་བཀོད་མི་ མངམ་ཐོན་དོ་ཡོདཔ།

༉ ཤར་ཕྱོགས་རྫོང་ཁག་ བསམ་གྲུབ་ལྗོངས་མཁར་བརྒྱུད་དེ་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ལས་ འབུ་རས་ཀྱི་གྱོན་ཆས་ཚུ་ ཉོ་འབག་མ་འགྱོ་བ་ཅིན་ བློ་མི་བདེ་དོ་ཡོདཔ་ཨིན་པས།
སྤྱིར་བཏང་ས་ཕྱོགས་སོ་སོའི་ མི་སེར་ཚུ་ལུ་ ཡོངས་གྲགས་སྦེ་ཡོད་མི་ མེ་ཅེ་འབུ་རས་སམ་ ཀོ་ཙི་རི་པ་འབུ་རས་ དེ་ལས་ གུ་ད་མ་འབུ་རས་དང་ བསམ་གྲུབ་ལྗོངས་མཁར་འབུ་རས་ལ་སོགས་པའི་ མིང་དར་ཁྱབ་སོང་ཡོད་མི་དེ་ ལ་ལོ་ཅིག་གིས་ རང་གྱོན་ནི་དང་ ལ་ལོ་ཅིག་གིས་ རང་སོའི་བཟའ་ཚང་དང་སྤུན་ཆ་ དེ་ལས་ ངོ་ཤེས་འདྲིས་ཤེས་ཚུ་ལུ་ ཁྱོསམ་སྦེ་ འབག་འགྱོ་དོ་ཡོདཔ་ཨིན་པས།
གྱོན་ཆས་ཚུ་གི་གྲས་ལས་ རང་ལུགས་ཀྱི་ དཔེ་རིས་དང་ ཐགས་རིས་ཡོད་པའི་གོ་ལ་ གསེར་ཁྲ་དང་དམར་ཁྲ་ སྤང་ཙེ་ དེ་ལོ་ སྐུད་བཤུ་ཐག་ར་ལ་སོགས་པའི་ གོ་དང་དཀྱི་རའི་རིགས་ཚུ་དང་ བཀབ་ནེ་དཀརཔོ་དང་ འབུ་རས་དམརཔོ་དང་ལི་ཝང་ སྟོད་གོ་ ལག་རྒྱན་ དེ་ལས་ འབུ་རས་སྐུདཔ་ལ་སོགས་པ་ཚུ་ རང་སོའི་ཚོང་ཁང་ནང་ སྟེགས་གུ་ལུ་ གསལ་སྟོན་འབད་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཁྲོམ་ཁར་ ཚོང་འབྲེལ་འཐབ་མི་གཙོ་ཅན་ ཤར་ཕྱོགསཔ་ཚུ་ཨིནམ་ད་ ལོ་ངོ་མང་རབས་ཅིག་གི་རིང་ ཚོང་འབྲེལ་འཐབ་མི་ལུ་བརྟེན་ ཚོང་པ་མང་ཤོས་ཅིག་གིས་ ཤར་ཕྱོགས་པའི་ཁ་སྐད་ ལེགས་ཤོམ་སྦེ་ སླབ་ཚུགས་དོ་ཡོདཔ་ད་ ཁྲོམ་ཁར་ཚོང་འབྲེལ་འཐབ་པར་འོང་མི་ཚུ་ལུ་ ཤར་ཕྱོགས་པའི་ཁ་ནང་ ག་ཅི་འབག་ནི་སྨོ? ཁེ་ཏོག་ཏོ་སྦེ་ཐོབ་ ཉོ་འབག་ཟེར་བའི་ སྐུལ་མ་འབད་དོ་ཡོདཔ་ཨིན་པས།
འབུ་རས་གོ་དང་དཀྱི་ར་ཚུ་ གོང་ཚད་དངུལ་ཀྲམ་༡,༨༠༠ དང་༡༥,༠༠༠ གི་བར་ན་ བཙོང་དོ་ཡོདཔ་ད་ མངམ་བཙོང་དོ་ཡོད་མི་ཅིག་ སྤྱིར་བཏང་གི་ བཀབ་ནེ་དཀརཔོ་ཨིནམ་བཞིན་དུ་ དེ་ཚུ་ རྒྱུ་གི་སྤུས་ཚད་དང་བསྟུན་ དངུལ་ཀྲམ་༡,༥༠༠ དང་༣,༥༠༠ གྱི་བར་ན་ བཙོང་དོ་ཡོདཔ་ཨིན་པས།
འབུ་རས་ཀྱི་གོ་ལ་ཚུ་ཡང་ ཨ་སམ་མངའ་སྡེ་འོག་གི་ ད་རང་གའི་ས་གནས་ ཡོངས་གྲགས་ལུ་ མེ་ལ་བཱ་ཛར་ཟེར་སར་ ཚོང་པ་༡༠ དེ་ཅིག་གིས་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ ད་རེས་ནངས་པར་ འབུ་རས་ཀྱི་ མཁོ་འདོད་བཀོད་མིའི་གྱངས་ཁ་ ཡར་སེང་སོང་བཞིན་དུ་ཡོདཔ་ལས་ ཚོང་ཁང་རེ་གིས་ ཟླ་རིམ་བཞིན་དུ་ རིན་གོང་ དངུལ་ཀྲམ་༥༠,༠༠༠ དང་ ས་ཡ་༡ གི་བར་ན་ བཙོང་ཚུགས་ཏེ་ཡོདཔ་ཨིན་པས།
མི་ལོ་༣༥ དེ་ཅིག་ འབུ་རས་ཀྱི་ གྱོན་ཆས་བཙོང་སྡོད་མི་ སྐྱེས་ལོ་༤༨ ལང་མི་ ཝི་ཇུ་གིས་ སླབ་མིའི་ནང་ འབུ་རས་ཀྱི་ཚོང་དེ་ ལེགས་ཤོམ་སྦེ་ འགྱོ་བཞིན་དུ་ཡོད་ཟེར་ཨིན་པས།
ཁོ་གི་ཚོང་ཁང་ནང་ ཉིནམ་རེ་ལུ་ ཚོང་ཉོ་མི་འབྲུག་མི་༣༠ དང་༥༠ གི་བར་ན་ འོང་དོ་ཡོདཔ་ད་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་ས་ཡ་༠.༥ དེ་ཅིག་གི་ འབུ་རས་ཐོན་སྐྱེད་ཚུ་ བཙོང་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ ཚོང་ཁང་འགོ་དང་པ་བཙུགསཔ་ད་ འབུ་རས་གོ་ལ་ཚུ་ལས་ འགོ་བཙུགས་ཡོདཔ་ད་ ད་ཚུན་ལེགས་ཤོམ་སྦེ་ར་ འགྱོཝ་མས་ཟེར་ཨིན་པས།
ད་རུང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༦༠,༠༠༠ དེ་ཅིག་གི་ འབུ་རས་ཐོན་སྐྱེད་བཙོང་མི་ ཀ་མཱལ་གྱིས་ སླབ་མིའི་ནང་ ཁོ་གི་ཚོང་ཉོ་མི་ཚུ་ཡང་ ཤར་ཕྱོགསཔ་དང་ རྒྱལ་ས་ལྟེ་བ་ལས་ཨིནམ་བཞིན་དུ་ ཧེ་མ་དང་ཕྱདཔ་ད་ ཚོང་འབྲེལ་དེ་ ལེགས་ཤོམ་སྦེ་ར་ འགྱོཝ་མས་ཟེར་ཨིན་པས།
འབུ་རས་ཚོང་པ་ཚུ་གིས་ སླབ་མིའི་ནང་ འབུ་རས་ཐོན་སྐྱེད་ཚུ་ ཉེ་འདབས་ཀྱི་ ཐགས་འཐག་མི་ཚུ་གིས་ བཙོང་པར་འབག་འོང་མི་དེ་ ལེན་ཞིནམ་ལས་ བཙོང་དོ་ཟེར་ཨིན་པས།
ད་རེས་ནངས་པར་ ནང་འདྲེན་འབད་མི་ འབུ་རས་ཀྱི་ཐོན་སྐྱེད་ཚུ་ རྒྱལ་ཁབ་ཀྱི་ ས་གནས་ག་ཏེ་ནང་ཡང་ཁྱབ་སྟེ་ཡོདཔ་ད་ ལ་ལོ་ཅིག་ མཁོ་འདོད་བཀོད་ཐོག་ ཚོང་པ་ཚུ་གིས་ ཕྲངམ་ཕྲང་སར་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ལ་ལོ་ཅིག་བར་འབྲེལ་བ་ཚུ་གིས་ ཁེ་སང་ཐོག་ལུ་ བཙོང་དོ་ཡོདཔ་ད་ ཐོན་སྐྱེད་ཚུ་ཉོ་མི་དེ་ཡང་ གོང་ཚད་རན་ཏོག་ཏོ་དང་ གདམ་ཁ་མངམ་ཡོད་མི་ དེ་ལས་ སྤུས་ཚད་དང་ལྡན་མི་ལུ་བརྟེན་ཨིན་པས།
བཀྲ་ཤིས་སྒང་ ཁབ་སྟོད་ལས་ཨིན་མི་ སྐྱེས་ལོ་༦༤ ལང་མི་ སྲིད་ཐར་དབང་མོ་གིས་ སླབ་མིའི་ནང་ མོ་གིས་ ལོ་བསྟར་བཞིན་དུ་ བཟའ་ཚང་འཐུས་མི་ཚུ་གིས་ གྱོན་ནིའི་དོན་ལུ་ འབུ་རས་གོ་ལ་དག་པ་ཅིག་ ཉོ་བར་འོང་དོ་ཡོད་མི་དེ་ཡང་ ཐོན་སྐྱེད་ཚུ་ གོང་ཚད་དང་ལྡན་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཤར་ཕྱོགས་དང་མཱོན་ཏ་ཝང་ལུ་ འདས་པའི་ལོ་ངོ་༢༠ དེ་ཅིག་གི་རིང་ འབུ་རས་གོ་དང་ སྐེད་རགས་ སྟོད་གོ་ཚུ་ཚོང་འབྲེལ་འཐབ་མི་ བཀྲ་ཤིས་སྒང་ཕོངས་མེད་ལས་ སྐྱེས་ལོ་༤༨ ལང་མི་ རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ འབུ་རས་ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ཨིན་པས།
ཁོ་གིས་ ལོ་བསྟར་བཞིན་དུ་ ས་མཚམས་ཁྲོམ་ཁ་ལས་ དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་གནས་པའི་ ཐོན་སྐྱེད་ཚུ་འབག་འགྱོ་ཞིནམ་ལས་ ཡུདཔ་ཐེངས་ཅིག་ནང་ བཙོང་ཚུགས་དོ་ཡོདཔ་ད་ ལོ་༡ ནང་ ཚར་༣ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
འབུ་རས་ཀྱི་ཐོན་སྐྱེད་ཚུ་ ཨ་སམ་མངའ་སྡེ་ ཀམ་རུཔ་རྫོང་ཁག་ སཱོལ་ཀུ་ཅི་ཁྲོམ་ནང་ལས་ ཐོན་སྐྱེད་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *