རྒྱ་གར་གྱི་ ཅ་དངོས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ རྒྱལ་ཁབ་ཀྱི་འོང་འབབ་ལུ་ ཐོ་ཕོག་ནི།

རྒྱ་གར་གཞུང་གིས་ ཅ་དངོས་དང་ཞབས་ཏོག་ཁྲལ་ འགོ་བཙུགས་མི་དེ་གིས་ ལོ་བསྟར་བཞིན་དུ་ རྒྱ་གར་གཞུང་ལས་ ནང་ཁྲལ་ལོག་ཐོབ་སྟེ་ རྒྱལ་ཁབ་ཀྱི་འོང་འབབ་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་བཞིན་ཡོད་མི་དེ་ ད་ལས་ཕར་ ཐོ་ཕོག་ནི་ཨིན་པས།

འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཅ་དངོས་དང་ཞབས་ཏོག་ཁྲལ་གྱི་ ནང་ཁྲལ་ལོག་ཐོབ་མི་ལུ་ ཕན་གནོད་ཀྱི་ བརྟག་ཞིབ་འབད་བའི་སྐབས་ འཆར་གཞི་༡༢ པའི་ནང་ ནང་ཁྲལ་དངུལ་ཀྲམ་ཐེར་འབུམ་༡༤ དེ་ཅིག་ ལོག་མི་འཐོབ་ནི་ཨིནམ་ལས་ རྒྱལ་ཁབ་ལུ་ གྱོང་རྒུད་ཕོག་ནི་ཨིན་པས།

ཁྲལ་གྱི་ལམ་ལུགས་གསརཔ་དེ་གིས་ རྒྱལ་ཁབ་ཀྱི་འོང་འབབ་ལུ་ ཤུགས་སྦེ་ར་ ཐོ་ཕོག་ནི་ཨིན་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ ལག་ལེན་འཐབ་མི་ ཅ་ཆས་ཀྱི་རིགས་ མང་ཤོས་ར་ རྒྱ་གར་ལས་ ནང་འདྲེན་འབད་ནི་དེ་གིས་ཨིན་པས།

དུས་ཅི་ སྤྱི་ཟླ་༡ པ་ལས་༣ པའི་བར་ན་ ཕྱིར་ཚོང་དང་ ནང་འདྲེན་གྱི་བར་ན་ ཁྱད་པར་སྦོམ་ཆགས་ཡོདཔ་ད་ དེ་ཡང་ རྒྱ་གར་ལས་ ནང་འདྲེན་འབད་མི་ལུ་ཐེབས་ དངུལ་ཀྲམ་ཐེར་འབུམ་༨.༣ གནས་ཡོདཔ་ད་ མ་གཞི་ རྒྱ་གར་ལས་ རྒྱལ་ཁབ་ནང་ དངུལ་ཀྲམ་ཐེར་འབུམ་༡༣.༩ དེ་ཅིག་ ནང་འདྲེན་འབད་ནུག།

དངུལ་རྩིས་ལྷན་ཁག་གི་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ འོང་འབབ་འགོ་དཔོན་ འཇིགས་མེད་ཀྱིས་ སླབ་མིའི་ནང་ ཅ་དངོས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ རྒྱལ་ཁབ་ཀྱི་འོང་འབབ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་ཨིན་མི་དེ་ཡང་ རྒྱལ་ཁབ་ནང་ ཅ་ཆས་ཀྱི་རིགས་ བརྒྱ་ཆ་༩༠ དེ་ཅིག་ རྒྱ་གར་ལས་ ནང་འདྲེན་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།

གལ་སྲིད་ ཅ་ཆས་ཚུ་ རྒྱལ་ཁབ་སོ་སོར་ལས་ ནང་འདྲེན་འབད་རུང་ ཁྲལ་ལུ་བརྟེན་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ཐོ་ཕོག་ནི་ཨིན་མི་དེ་ཡང་ རྒྱལ་ཁབ་གཞན་ལས་ ནང་འདྲེན་འབད་མི་ ཅ་ལ་ཚུ་ རྒྱ་གར་བརྒྱུད་དེ་ བཏོན་དགོ་ནི་དེ་གིས་ཨིན་ཟེར་ འཇིགས་མེད་ཀྱིས་ སླབ་ཨིན་པས།

ཅ་དངོས་དང་ཞབས་ཏོག་གི་ཁྲལ་དེ་ ཅ་ཆས་ལ་ལོ་ཅིག་ལུ་ ཁེ་ཕན་ཡོད་རུང་ ལ་ལོ་ཅིག་ལུ་ གྱོང་རྒུད་ཕོག་ཡོདཔ་ད་ དེ་ཡང་ རྒུད་ཕོག་མི་དེ་ ནང་འདྲེན་འབད་བའི་སྐབས་ ཅ་ཆས་བཏོན་སའི་ས་ཁོངས་ བསྒྱུར་བཅོས་འགྱོ་ནི་དེ་གིས་ཨིནམ་ད་ ཨིན་རུང་ ད་ལྟོ་ ལམ་ལུགས་དེ་ འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ དེའི་གནོད་པ་ཚུ་གི་སྐོར་ལས་ མང་ཤོས་ཅིག་གིས་ ལེགས་ཤོམ་སྦེ་ ཧ་གོ་མི་ཚུགས་དོ་ཡོདཔ་ཨིན་པས།

རྒྱ་གར་ལས་ ནང་འདྲེན་འབད་མི་ སྣུམ་འཁོར་གྱི་རིགས་ཚུ་ ཅ་དངོས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ གོང་ཚད་མར་བབས་སོང་མི་དེ་ཡང་ སྣུམ་འཁོར་བཏོན་སའི་ས་གོ་ལུ་ བསྒྱུར་བཅོས་མེད་ནི་དེ་གིས་ཨིནམ་ད་ རྒྱ་གར་བརྒྱུད་དེ་ རྒྱལ་ཁབ་གཞན་ཁར་ལས་ ནང་འདྲེན་འབད་མི་ སྣུམ་འཁོར་ཚུ་གི་ གོང་ཚད་ཡར་སེང་སོང་མི་དེ་ཡང་ སྣུམ་འཁོར་བཏོན་སའི་ས་གོ་ བསྒྱུར་བཅོས་སོང་ནི་དེ་གིས་ཨིན་པས།

ཅ་དངོས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ བཟོ་གྲྭ་འཕྲུལ་ཁང་ཚུ་ལུ་ ཐོ་ཕོག་ནི་ཨིན་མི་དེ་ཡང་ ཁྲལ་གྱི་ལམ་ལུགས་དེ་ རྒྱ་གར་ལུ་ ཕྱིར་ཚོང་འབད་མི་ ག་ར་ཨིན་རུང་ ཕན་ཐོགས་ཉུང་སུ་ཅིག་དང་ རྒྱ་གར་ལས་ རྒྱལ་ཁབ་གཞན་ཚུ་ནང་ ཕྱིར་ཚོང་འཐབ་མི་དེ་ལུ་ ཕན་ཐོགས་མངམ་ཡོདཔ་སྦེ་ བཟོ་ནི་དེ་གིས་ཨིནམ་ད་ བཟོ་གྲྭ་འཕྲུལ་ཁང་ཚུ་ལུ་ ཐོ་ཕོག་ནི་ཨིན་མི་དེ་ཡང་ ཅ་ཆས་མང་ཤོས་ར་ རྒྱ་གར་ལས་ ནང་འདྲེན་འབད་ནི་དེ་གིས་ཨིན་པས།

དཔེ་འབད་བ་ཅིན་ ད་རེས་ ཅ་དངོས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ རྒྱལ་ཁབ་ནང་འཁོད་ལུ རྩི་ས་བཟོ་མི་འཕྲུལ་ཁང་ལ་ལོ་ཅིག་གིས་ རྩི་ས་མེ་ཊིག་ཊཱོན་རེ་ལུ་ དངུལ་ཀྲམ་༦༠༠ དེ་ཅིག་ མར་ཕབ་འབད་དེ་ བཙོང་དགོཔ་ཐོན་ཡོདཔ་ད་ དེ་བཟུམ་གྱི་ལམ་ལུགས་དེ་ ད་རེས་ བཟོ་གྲྭ་ཁང་མང་ཤོས་ཅིག་གིས་ ལག་ལེན་འཐབ་དགོཔ་ ཐོན་ཡོདཔ་ཨིན་པས།

དཀའ་ངལ་སེལ་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ འཐུས་མི་སྡེ་ཚན་༢ འབད་མི་ཅིག་ རྒྱ་གར་གཞུང་ལུ་ ཅ་དངོས་དང་ཞབས་ཏོག་ཁྲལ་གྱི་སྐོར་ལས་ གྲོས་བསྟུན་འབད་བར་ བཏང་ཡོདཔ་ད་ རྒྱལ་ཁབ་ཀྱི་ཧོངས་ལས་ ཅ་ཆས་ནང་འདྲེན་འབད་སའི་ ས་ཁོངས་ལུ་ བསྒྱུར་བཅོས་འབད་ནི་མེདཔ་ཅིག་སྦེ་ བཞག་དགོཔ་སྦེ་ གྲོས་གཞི་བཙུགས་ཡོད་རུང་ གནད་དོན་དེའི་ཐོག་ལུ་ རྒྱ་གར་གཞུང་གིས་ བརྟག་ཞིབ་འབད་ནི་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *