༉ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་དང་ ཨ་སམ་གཞུང་ལམ་བརྒྱུད་དེ་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལུ་ འགོ་དང་པ་ འགྲོ་འགྲུལ་འབད་མི་ འབྲུག་མི་ཚུ་ལུ་ ཚ་གྱང་སྦོམ་ཤོས་ཅིག་ ལམ་མ་འཛོལ་བར་ ག་དེ་སྦེ་ ལྷོད་ཚུགས་ག་ཟེར་མི་དེ་ཨིན་པས།
ཚ་གྱང་ལང་དགོ་པའི་གནས་དོན་དེ་ཡང་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ བརྡ་བྱང་ཚུ་ མེད་ནི་དེ་གིས་ཨིནམ་ད་ གལ་སྲིད་ བརྡ་བྱང་ཚུ་ཡོད་པ་ཅིན་ འགྲུལ་སྐྱོད་འབད་བའི་སྐབས་ ལམ་འཛོལ་ནིའི་དཀའ་ངལ་ མི་འཐོན་ནི་མས་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ བཀྲ་ཤིས་སྒང་ལས་ བསྟན་འཛིན་གྱིས་ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་ལུ་ འགྲུལ་སྐྱོད་འབད་བའི་སྐབས་ ཁོ་ར་ ལམ་རྒྱ་གྲམ་ཚུ་ནང་ལྷོདཔ་ད་ ག་ཏེ་ཁ་ཐུག་ལུ་ འགྱོ་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་བྱུངམ་ལས་ རྟིང་ཤུལ་འོང་མིའི་ སྣུམ་འཁོར་ཚུ་ལུ་ སྒུག་ཐོག་ལས་ ཁོང་དང་གཅིག་ཁར་ འོང་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་གཞན་དང་འཁྲིལ་ཏེ་ འོང་པའི་སྐབས་ སྣུམ་འཁོར་གྱི་ཤུགས་ཚད་ཡང་ ཁོང་དང་འཁྲིལ་དགོ་ནི་དེ་གིས་ འཕྲལ་འཕྲལ་བདའ་མ་ཟུན་པའི་དཀའ་ངལ་དང་ འཕྲལ་འཕྲལ་དུས་ཚོད་ཁར་ལྷོད་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཁོ་ལུ་ རྫོང་ཁའི་འབྲི་ལྷག་གི་ ཤེས་ཡོན་རྐྱངམ་གཅིག་ཡོདཔ་བཞིན་དུ་ གཞུང་ལམ་བདའ་སྟེ་ཡོད་མི་ ལམ་རྒྱ་གྲམ་ཚུ་དང་ འབྲུག་པའི་ས་ཁོངས་ནང་འཛུལ་དགོ་པའི་ ས་གནས་ཁག་དག་པ་ཅིག་ནང་ རྫོང་ཁ་ནང་སྦེ་ བརྡ་བྱང་འབྲི་བཞག་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་ལས་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ གཞུང་ལམ་བདའ་སྟེ་ ཚར་དག་པ་ཅིག་ར་ འགྲུལ་སྐྱོད་འབད་ཡོད་རུང་ ཨ་སམ་བོང་གཱའི་གོང་བལྟ་སྟེ་ ཀི་ལོ་མི་ཊར་༣༠ ལྷགཔ་ཅིག་དང་ རང་གེ་ཡ་ལུ་ལྷོདཔ་ད་ ལམ་འཛོལ་ཏེ་ གུ་ཧ་ཊི་ཁ་ཐུག་ལུ་ ཀི་ལོ་མི་ཊར་༢༠ དེ་ཅིག་ སོང་ཡོད་པའི་ ཉམས་མྱོང་བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་གནས་ཀྱི་ མི་ཚུ་ལུ་ དྲིས་ཞིནམ་ལས་ ལོག་འོང་ཚུགས་ཅི་ཟེར་ཨིན་པས།
བརྡ་བྱང་མེད་མི་ལུ་བརྟེན་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ འགོ་དང་པ་ འགྲོ་འགྲུལ་འབད་མི་ དེད་གཡོགཔ་མང་ཤོས་ཅིག་གིས་ར་ ལམ་འཛོལ་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ བསམ་གྲུབ་ལྗོངས་མཁར་ལས་ ཕུན་ཚོགས་གླིང་བལྟ་སྟེ་ ཀི་ལོ་མི་ཊར་༥༠ དེ་ཅིག་གི་ས་ཁར་ཡོད་པའི་ ས་གནས་རང་གེ་ཡ་ལུ་ ལམ་རྒྱ་གྲམ་ཁར་ རྫོང་ཁའི་ནང་ བརྡ་བྱང་ཅིག་ བྲིས་བཞག་སྟེ་ཡོད་མི་དེ་གིས་ འགྲུལ་པ་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ གོ་ཧ་ཊི་ལུ་འགྱོ་སའི་ གཞུང་ལམ་བདའ་འོངམ་ད་ ས་གནས་དེ་ཁར་ལྷོདཔ་ད་ ཧང་སྟོང་མར་ ལམ་ཆུང་ཀུ་ཅིག་ནང་ལས་སྦེ་ ཁྲོམ་ཅིག་བརྒལ་ཞིནམ་ལས་ འབྲུག་པའི་ས་མཚམས་བདའ་སྟེ་ འོང་དགོཔ་ཡོདཔ་ལས་ ལམ་མ་འཛོལ་བར་ འོང་ཚུགས་པས་ཟེར་ཨིན་པས།
དེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ བརྡ་བྱང་ཚུ་ཡང་ འབྲུག་པའི་ས་གནས་ཁག་ཚུ་ནང་ འགྱོ་དགོ་པའི་ས་གནས་ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་བལྟ་སྟེ་ ཀི་ལོ་མི་ཊར་༢༠ དེ་ཅིག་གི་ས་གནས་ ཧ་ཤི་མ་ར་ལུ་ བསམ་རྩེ་འགྱོ་སའི་ ལམ་རྒྱ་གྲམ་དང་ དེ་གི་ཤུལ་ལས་ བསམ་རྩེ་འགྱོ་སའི་ལམ་སྦུག་ལུ་ སྒོམ་ཀྲུ་འགྱོ་སའི་ལམ་ དེ་ལས་ དགེ་ལེགས་ཕུག་འགྱོ་ས་དང་ དེ་གི་ཤུལ་ལས་ པཱན་སྦང་དང་ ངང་ལམ་འགྱོ་སའི་ ལམ་རྒྱ་གྲམ་ཚུ་ནང་ བརྡ་བྱང་ཡོད་པ་ཅིན་ དཀའ་ངལ་དེ་ སེལ་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།