༉ ཁ་ཙ་ རྒྱ་གར་གཞུང་གིས་ སྤྱི་ལོ་༢༠༡༦ གི་དོན་ལུ་ ནང་ཁྲལ་དངུལ་ཀྲམ་ཐེར་འབུམ་༤.༠༠༡ འབྲུག་ལུ་ ལོག་སྤྲོད་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༧ གྱི་ ནང་ཁྲལ་དེ་ཡང་ མགྱོགས་སུ་སྦེ་ ལོག་སྤྲོད་འོང་ཟེར་ སྙན་ཞུ་འབད་ནུག།
ཨིན་རུང་ སྤྱི་ལོ་༢༠༡༧ གྱི་དོན་ལས་ འབྲུག་གིས་ ནང་ཁྲལ་ལོག་འཐོབ་ནི་ཨིན་མི་དེ་ མཇུག་ཨིན་པས།
ད་རེས་ འབྲུག་གིས་ ནང་ཁྲལ་ལོག་ཐོབ་མི་དེ་ ཧེ་མའི་ལོ་དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུབ་༡ ལྷགཔ་ཅིག་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ ནང་ཁྲལ་དངུལ་ཀྲམ་ཐེར་འབུམ་༢.༩༡ ཐོབ་ཡོདཔ་ཨིན་པས།
དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ ནང་ཁྲལ་སླར་ལོག་ཐོབ་མི་དེ་ འཆར་དངུལ་ནང་ ནང་འཁོད་འོང་འབབ་གྲངས་སུ་ བཙུགས་ཏེ་ཡོདཔ་བཞིན་དུ་ མ་དངུལ་དུས་ཚོད་ཁར་ འཛིན་གྲོལ་འབད་མི་དེ་ འོང་འབབ་ལས་ ཟད་འགྲོ་ཐེབས་གནས་པའི་ ཁྱད་པར་འགབ་ཚུགསཔ་ བཟོ་ནིའི་དོན་ལུ་ ཁག་ཆེ་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༧ གྱི་ ནང་ཁྲལ་དེ་ཡང་ མགྱོགས་སུ་སྦེ་ དབྱེ་དཔྱད་འབད་དགོ་པའི་ ཞུ་བ་འབད་མི་དེ་ཡང་ འབྲུག་གི་རྩིས་ལོ་དང་ ལོ་ལྔའི་འཆར་གཞི་༡༡ པ་དེ་ཡང་ མཇུགབསྡུ་ནི་གི་ ཟླ་མཇུག་འབད་ནི་དེ་གིས་ཨིན་ཨིན་པས།
ཁ་ཙ་ དངུལ་འཛིན་ཅཱེག་ རྩིས་སྤྲོད་འབད་མི་ རྒྱ་གར་གཞུང་ཚབ་ལས་ཁང་གི་ དོན་གཅོད་འཛིན་སྐྱོང་གི་ གཙོ་འཛིན་འོག་མ་ ཨི་ཤ་ ཤྲི་བཱསི་ཏ་བཱ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༧ གྱི་ ནང་ཁྲལ་ལོག་སྤྲོད་ནིའི་དོན་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གིས་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ནང་ཁྲལ་དེ་ རྒྱལ་ཁབ་ནང་འཁོད་ལུ་ ཅ་དངོས་ཉོ་བཙོང་འཐབ་ནིའི་དོན་ལུ་ འབག་འོང་སྟེ་ གསལ་སྟོན་འབད་མི་གུ་ ཁྲལ་བཀལ་མི་ལུ་ སླབ་ཨིན་པས།
རྒྱ་གར་ལུ་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ འགོ་མ་བཙུགས་པའི་ཧེ་མར་ ཉེར་སྤྱོད་མཁོ་ཆས་སམ་ ཚོང་ཟོག་མང་ཤོས་ཅིག་ལུ་ ནང་ཁྲལ་སྤྲོད་དགོཔ་ཨིན་རུང་ འབྲུག་གི་དོན་ལུ་ རྒྱ་གར་གཞུང་གིས་ ཁྱབ་བསྒྲགས་ཚུ་འབད་ཐོག་ལས་ དམིགས་བསལ་གྱི་ཅ་དངོས་ དཔེར་ན་ ས་སྣུམ་ཐོན་སྐྱེད་ཀྱི་རིགས་དང་ ལྕགས་རིགས་དང་འབྲེལ་བའི་ ཐོན་སྐྱེད་དང་ བཟའ་འཐུང་གི་ཅ་ཆས་ ལག་ཆ་ སོར་ཐེབས་དང་ ཡན་ལག་ཅ་ཆས་ སྨན་རིགས་ གསོ་བའི་མཁོ་ཆས་ལ་སོགས་པ་ཚུ་ལུ་ ནང་ཁྲལ་དགོངས་ཡངས་གནང་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་ཚུ་གིས་ ནང་འདྲེན་འབད་མི་ཚུ་མ་གཏོགས་ ནང་ཁྲལ་ཚུ་ ཅ་དངོས་འཐོན་ཁུངས་ལས་ ཡངས་ཆག་བྱིན་ནི་མེདཔ་ཨིན་རུང་ ཤུལ་ལས་ གཞུང་ལུ་ ལོག་སྤྲོད་དོ་ཡོདཔ་ད་ དེ་ཡང་ རྒྱ་འབྲུག་གི་ཚོང་འབྲེལ་ཆིངས་ཡིག་དང་འཁྲིལ་ཨིནམ་བཞིན་དུ་ ཆིངས་ཡིག་ནང་ གཞུང་གཉིས་ཆ་ར་གིས་ ཅ་དངོས་ཚུ་ རྒྱལ་ཁབ་གཞན་ནང་ ཕྱིར་ཚོང་འཐབ་མི་གུ་ ནང་ཁྲལ་བཀལ་མི་ཚུ་ འོས་ལྡན་སྦེ་ ལོག་སྤྲོད་དགོཔ་སྦེ་ གསལ་བཀོད་འབད་ནུག།
དཔེར་ན་ འབྲུག་གི་ནང་འདྲེན་པ་དང་ ཚོང་པ་ཚུ་གིས་ མར་ཁུ་ ཡང་ཅིན་ སྣུམ་འཁོར་ནང་འདྲེན་འབདཝ་ད་ ནང་ཁྲལ་བཀལ་མི་དེ་ ཁོང་གིས་སྦེ་ ཚོང་མགྲོན་པ་ཚུ་ལུ་ བཀལ་དོ་ཡོདཔ་ད་ ནང་ཁྲལ་སླར་ལོག་དེ་ གཞུང་ལུ་ རྒྱ་གར་གྱི་ཁ་ཐུག་ལས་ སྤྲོད་མི་དེ་ ནང་འཁོད་འོང་འབབ་བཟུམ་ཅིག་ཨིནམ་ལས་ དེ་གིས་ འབྲུག་གི་རྒྱལ་ཡོངས་འོང་འབབ་ལུ་ བརྒྱ་ཆ་༡༡ ལྷན་ཐབས་འབདཝ་ཨིན་པས།
དརེས་འབད་བའི་བསྒང་ལས་ རྒྱ་གར་ལུ་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ནང་ ནང་ཁྲལ་དང་ ཁྲལ་གཞན་ཚུ་ཡང་ འགབ་ཡོདཔ་མ་ཚད་ ཅ་དངོས་དང་ ཞབས་ཏོག་ཁྲལ་གྱི་ཁྲིམས་ཡིག་ནང་ རྒྱ་གར་རྒྱལ་ཁབ་ཀྱི་ཕྱི་ཁར་ ཕྱིར་ཚོང་འབད་མི་ ཅ་དངོས་ཀྱི་རིགས་ཚུ་ལུ་ ཁྲལ་མི་ཕོག་ཟེར་ བཀོད་ཡོད་མི་ལུ་བརྟེན་ སྤྱི་ལོ་༢༠༡༧ གྱི་ལོ་ཕྱེད་ཚུན་ འབྲུག་གིས་ ནང་ཁྲལ་མཇུག་འཐོབ་ནི་ཨིན་པས།
ཨིན་རུང་ ནང་ཁྲལ་བརྒྱ་ཆ་༡༤ དེ་ཅིག་ ཐད་ཀར་གྱི་ ཁེ་ཕན་ཡོད་མི་དེ་ ཚོང་མགྲོན་པ་ཚུ་ལུ་ བཀལ་དོ་ཡོདཔ་ད་ ཐད་ཀར་གྱི་ ཁེ་ཕན་ཡོད་མི་དེ་ཡང་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ མར་ཁུའི་གོང་ཚད་ ལི་ཊར་རེ་ལུ་ དངུལ་ཀྲམ་༡༠ ལྷགཔ་ཅིག་ མར་བབས་སོང་ཡི།
སྤྱི་ལོ་༢༠༡༦ ལུ་ ནང་ཁྲལ་ལོག་ཐོབ་མི་ མང་ཤོས་ར་ ས་སྣུམ་ཐོན་སྐྱེད་ དངུལ་ཀྲམ་ཐེར་འབུམ་༡.༧༤ དང་ དེ་གི་ཤུལ་ལས་ སྣུམ་འཁོར་ནང་འདྲེན་འབད་བའི་ དངུལ་ཀྲམ་ས་ཡ་༦༩༠ དང་ འཕྲུལ་ཆས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༦༩༠ འབད་མི་ལས་ཐོབ་ནུག།
སྤྱི་ལོ་༢༠༡༠ ལུ་ རྒྱལ་ཁབ་ཀྱིས་ རྒྱ་གཞུང་ལས་ ནང་ཁྲལ་དངུལ་ཀྲམ་ཐེར་འབུམ་༢.༠༣ ཐོབ་ཡོདཔ་ད་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་དེ་ དཔལ་འབྱོར་ལུ་ ཐོ་ཕོག་པའི་ཤུལ་ལས་ ཅ་དངོས་དག་པ་ཅིག་གི་ ནང་འདྲེན་བཀག་དམ་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༢ ལུ་ ནང་ཁྲལ་ལོག་ཐོབ་མིའི་དངུལ་འབོར་ས་ཡ་༢༨༢ མར་བབས་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ལུ་ གཞུང་གིས་ ནང་ཁྲལ་དངུལ་ཀྲམ་ཐེར་འབུམ་༡.༧ ཐོབ་བརྗོད་བཀོད་ནུག།
ནང་འདྲེན་བཀག་དམ་མེདཔ་བཟོ་བའི་ཤུལ་ལས་ སྤྱི་ལོ་༢༠༡༤ ལུ་ ནང་ཁྲལ་ལོག་ཐོབ་མི་དེ་ དངུལ་ཀྲམ་ཐེར་འབུམ་༡.༩༤ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ ཐོབ་ཡོད་པའི་གནས་ཚུལ།
Check Also
དཔལ་འབྱོར་གོང་འཕེལ་ནང་ སོ་ནམ་ལས་སྡེ་གིས་ ལྷན་ཐབས་ཉུང་སུ་ལས་བརྒལ་མེདཔ།
༉ མ་གཞི་ སོ་ནམ་ལས་སྡེ་ནང་ རྒྱལ་ཁབ་ཀྱི་ ལས་མི་ཕྱེད་ཀ་དེ་ཅིག་ འབྲེལ་འཛིན་འབད་དེ་ཡོད་རུང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཉུང་སུ་ཅིག་ལས་བརྒལ་ ལྷན་ཐབས་འབད་ནི་མེདཔ་ཨིན་པས། འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ སོ་ནམ་ལས་སྡེ་ནང་ ལཱ་འབད་མི་ …