འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བོཇ་གིས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ལུ་ གློག་པར་འཕྲུལ་ཆས་ཚུ་ རྩིས་སྤྲོད་འབད་བའི་བསྒང་།

རྒྱ་གར་གཞུང་གིས་ ད་རུང་ གློག་པར་འཕྲུལ་ཆས་༦ གྲོགས་རམ་བྱིན་ཡོདཔ།

༉ ཁ་ཙ་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བོཇ་གིས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་ལུ་ གློག་པར་འཕྲུལ་ཆས་༦ རྩིས་སྤྲོད་འབད་ཡི།

གློག་པར་འཕྲུལ་ཆས་དེ་ཡང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ གདོང་ལེན་འབད་ཐབས་ལུ་ གྲོགས་རམ་བྱིན་ནིའི་ ཁས་བླངས་འབད་མི་དང་འཁྲིལ་ཏེ་ཨིན་པས།

རྒྱ་གར་གཞུང་གིས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ཡང་ གློག་པར་འཕྲུལ་ཆས་ཚུ་ གྲོགས་རམ་བྱིན་ཡོདཔ་ད་ འཕྲུལ་ཆས་ཚུ་ ལུང་ཕྱོགས་སྨན་ཁང་ཚུ་ནང་ གཏང་ནི་ཨིནམ་བཞིན་དུ་ དེ་གིས་ གསོ་བའི་ཞབས་ཏོག་ཚབས་ཆེན་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

རྒྱ་གར་གཞུང་གིས་ ན་ཧིང་ སྤྱི་ཟླ་༡༠ པ་ལས་འགོ་བཙུགས་ ད་ལྟོ་ཚུན་ གསོ་བའི་ཞབས་ཏོག་གི་ མཐུན་རྐྱེན་ཅ་ཆས་དང་ ཀོ་བིཌ་-༡༩ འི་ སྨན་ཁབ་༥༥༠,༠༠༠ གྲོགས་རམ་བྱིན་མི་ཚུ་བརྩིསཝ་ད་ ཐེངས་༡༣ གྲོགས་རམ་འབད་ཡོདཔ་ད་ གྲོགས་རམ་བྱིན་མིའི་གྲངས་སུ་ རང་སྐྱོབ་ཉེན་སྲུང་ཅ་ཆས་དང་ ཁ་རས་ དེ་ལས་ ནད་ཡམས་བརྟག་དཔྱད་ཀྱི་མཐུན་རྐྱེན་ཚུ་ བྱིན་ཡོདཔ་ཨིན་པས།

དེ་མ་ཚད་ འབྲུག་གཞུང་ལུ་ གསོ་བའི་ཞིབ་འཚོལ་ རྩ་བརྟན་བཟོ་ནིའི་ནང་ཡང་ གྲོགས་རམ་འབད་ཡོདཔ་ད་ རྒྱ་གར་གཞུང་གིས་ ཁོང་རའི་ རྒྱལ་ཁབ་ནང་ ནད་ཡམས་ཀྱི་གནས་སྟངས་ ཉེན་འཚུབས་ཅན་ནང་ ལྷོད་དེ་ཡོད་རུང་ ང་བཅས་ལུ་ དེ་བཟུམ་མའི་ གྲོགས་རམ་བྱིན་མི་དེ་ རྒྱལ་ཁབ་ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་པའི་ རྟགས་མཚན་སྟོནམ་ཨིན་པས།

རྒྱ་གར་གཞུང་ཚབ་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ད་ལས་ཕར་འབད་རུང་ ནད་ཡམས་ཀོ་ བིཌ་-༡༩ གིས་ གསོ་བ་དང་ དཔལ་འབྱོར་ལུ་ གནོད་པ་བྱུང་མི་དེ་ ག་དེམ་ཅིག་ མར་ཕབ་རྐྱབ་ཚུགས་ཚུགས་ རྐྱབ་ནིའི་དོན་ལུ་ འཕྲོ་མཐུད་གྲོགས་རམ་འབད་འོང་ཟེར་ བཀོད་ནུག།

ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གློག་པར་འཕྲུལ་ཆས་ཚུ་ ལུང་ཕྱོགས་སྨན་ཁང་ཚུ་ནང་ ལག་ལེན་འཐབ་ནི་ཨིན་ཟེར་ཨིནམ་ད་ གྲོགས་རམ་དེ་ཡང་ རྒྱ་གར་གྱི་བློན་ཆེན་གྱིས་ སཱག་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་དོན་ལུ་ གློ་བུར་གྱི་མ་དངུལ་ གཞི་བཙུགས་འབད་མི་དེ་ལས་ བཏང་དོ་ཡོདཔ་ཨིན་པས།

ཁོང་གི་རྒྱལ་ཁབ་ནང་ གནས་སྟངས་ཚབས་ཆན་འགྱོ་རུང་ ང་བཅས་ལུ་ གྲོགས་རམ་འབད་མི་དེ་ལུ་ གཞུང་དང་ མི་སེར་གྱི་ཧོངས་ལས་ དགའ་ཚོར་སྦོམ་ཡོད་ཟེར་བཀོད་ནུག།

ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ གློག་པར་འཕྲུལ་ཆས་ཚུ་ ལུང་ཕྱོགས་སྨན་ཁང་ཚུ་ནང་ གཏང་ནིའི་འཆར་གཞི་ཡོད་རུང་ བགོ་བཤའ་རྐྱབ་ནིའི་ཐད་ཁར་ ད་ལྟོ་ ཐག་མ་བཅད་པར་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *