༉ རྒྱལ་ཁབ་ནང་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་ལུ་བརྟེན་ རྒེད་འོག་ལྟེ་བའི་ འཁོར་ལམ་༡༣ དེ་ཅིག་ བསུབས་ཡོད་མི་ཚུ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོདཔ་ཨིན་པས།
རྒེད་འོག་ལྟེ་བའི་འཁོར་ལམ་ མང་ཤོས་ཅིག་ར་ སེལ་ནི་ལུ་ བདུན་ཕྲག་ལྷགཔ་རེ་ འགོར་ནི་བཟུམ་ཡོད་རུང་ ལ་ལོ་ཅིག་ ནམ་སེལ་ཚར་ནི་ཨིན་ན་ ཏན་ཏན་མེདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༨ ལུ་ ཞབས་ཏོག་ལྷན་ཁག་གིས་ རྒེད་འོག་ལྟེ་བའི་ལམ་གྱི་གནས་སྟངས་ བསྡུ་སྒྲིག་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ ལམ་མང་ཤོས་ར་ ཆར་ཆུ་ལུ་བརྟེན་ གཙང་ཆུ་བྲེས་མི་དང་ ས་རུད་ དེ་ལས་ ལམ་ལྟག་ལས་མར་ རྡོ་བུད་འོང་མི་ལུ་བརྟེན་ བསུབས་ནུག་ཟེར་ཨིན་པས།
ད་ལྟོ་ འཁོར་ལམ་བསུབས་མི་ཚུ་ མི་དང་ འཕྲུལ་ཆས་ཚུ་གིས་ སེལ་བཞིན་དུ་ཡོད་རུང་ ཆུ་ཁ་རྫོང་ཁག་ གད་ལྟག་ན་དང་ སྦོང་སྒོར་ དེ་ལས་ ཕུན་ཚོགས་གླིང་རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་ སྤྱི་ཟླ་༧ པའི་ཚེས་༡༠ ལས་ བསུབས་ཡོདཔ་ལས་་ བདུན་ཕྲག་༡ ནང་མ་གཏོགས་ སེལ་མི་ཚུགས་བཟུམ་ཡོདཔ་ཨིན་པས།
མ་གཞི་ དར་དཀར་ནང་ རྡོ་རོ་ན་རྒེད་འོག་ལྟེ་བའི་ལམ་དེ་ ས་རུད་ཀྱིས་ བསུབས་ཏེ་ཡོདཔ་ལས་ ནམ་སེལ་ཚུགས་ཨིན་ན་ གཏན་འཁེལ་མེདཔ་ཨིན་རུང་ འཁོར་ལམ་གཞན་ཚུ་ སེལ་ཚར་ཏེ་ སྣུམ་འཁོར་རྒྱུན་འགྲུལ་འཐབ་སྟེ་ཡོད་ཟེར་ སྙན་ཞུ་ནང་ བཀོད་ནུག།
ཞབས་ཏོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལྷུན་རྩེ་མཁོ་མ་རྒེད་འོག་གི་ འཁོར་ལམ་དེ་ ས་རུད་དང་ རྡོ་གིས་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ བསུབས་ཡོདཔ་ལས་ ཉིནམ་༣ གྱི་ནང་འཁོད་ལུ་ སེར་ཚར་ནི་གི་ རེ་བ་ཡོད་ཟེར་ཨིནམ་ད་ ཀུར་སྟོད་རྒེད་འོག་གི་ འཁོར་ལམ་དེ་ ཉིན་གྲངས་༡༠ ནང་མ་གཏོགས་ སེལ་མི་ཚར་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་སྐྱེངས་མཁར་རྒེད་འོག་གི་ འཁོར་ལམ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༦ ལས་ བསུབས་ཏེ་ ཡོདཔ་ཨིན་པས།
པདྨ་དགའ་ཚལ་ ལྕོང་ཤིང་འཁོར་ལམ་དེ་ སྤྱི་ཟླ་༧ པའི་ཚེས་༡ ལུ་ ས་རུད་ཀྱིས་ ཕྱགས་བདའ་ཡོདཔ་ལས་ ལམ་སེལ་ནི་ལུ་ ད་རུང་ དུས་ཡུན་བདུན་ཕྲག་༡ དེ་ཅིག་ འགོར་ནི་བཟུམ་ཡོདཔ་ད་ ལམ་སེལ་འཕྲུལ་ཆས་ཚུ་ཡང་ ཆརཔ་ཆད་པའི་ཤུལ་ལས་མ་གཏོགས་ བགོ་བཀྲམ་འབད་མ་ཚུགསཔ་ལས་ ས་གནས་ཀྱི་ མི་ཚུ་གིས་ རྒྱུན་འགྲུལ་ཐབས་ལམ་ སོ་སོ་ཅིག་ འཚོལ་དགོ་།པ་འོང་ཟེར་ སྙན་ཞུ་ནང་བཀོད་ནུག།
གསརཔ་སྤང་ཆུ་གཟེར་སྒང་དང་ ཨུམ་གླིང་ སྟ་རེ་ཐང་ རྡོ་བཱན་ སེངྒེ་རྒེད་འོག་གི་ འཁོར་ལམ་ཚུ་ཡང་ གཙང་ཆུ་བྲེས་མི་དེ་གིས་ བསུབས་ཏེ་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ དཱན་རཇ་ ཆེ་ཏི་རི་གིས་ སླབ་མིའི་ནང་ འཁོར་ལམ་གྱི་ གནས་སྟངས་ཚུ་ སྙན་ཞུ་འབད་ནི་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་གི་བར་ན་ ཡོངས་འབྲེལ་ཝེ་ཅེཊ་ཚུ་ བཟོ་སྟེ་ཡོདཔ་ལས་ ལུང་ཕྱོགས་༩ ནང་ལས་ དྲོ་པར་ཨ་རྟག་ར་ སྙན་ཞུ་འབད་ནི་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འཁོར་ལམ་དེ་ སེལ་བའི་ཤུལ་ལས་ དུས་མཐུན་བཟོ་ནི་ཡོདཔ་བཞིན་དུ་ གཞུང་ལམ་གྱི་ གནས་སྟངས་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ འབྲུག་ཉེན་སྲུང་ཨེབ་ལས་ བརྡ་སྤྲོད་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།