རྐང་སྟོང་སྦེ་ ཙ་ཀ་གླིང་རྒེད་འོག་ཡིག་ཚང་ནང་འགྱོ་མི་ སྟག་ཁམས་སྦིས་སྤྱི་འོག་གི་ མི་སེར་ཚུ།

རྒེད་འོག་ཡིག་ཚང་ ལམ་ཐག་རིང་མི་གིས་ ཞབས་ཏོག་སྤྱོད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ།

༉ སྟག་ཁམས་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཙ་ཀ་གླིང་རྒེད་འོག་ཡིག་ཚང་ནང་ འགྱོ་ནིའི་དོན་ལུ་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༤ ལྷགཔ་ཅིག་ ལམ་འགྱོ་དགོཔ་ད་ སྣུམ་འཁོར་ནང་འབད་བ་ཅིན་ ཆུ་ཚོད་༢ ལྷགཔ་ཅིག་ འགོར་དོ་ཡོདཔ་ལས་ མི་སེར་ཚུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
མ་གཞི་ སྟག་ཁམས་སྦིས་སྤྱི་འོག་དེ་ ཙ་ཀ་གླིང་རྒེད་འོག་ཡིག་ཚང་གི་ གདོང་སྐོར་ལུ་སྦེ་ མཐོང་ཚུགསཔ་ཨིན་རུང་ ལ་དང་ལུང་གིས་ བཅད་ཡོདཔ་ལས་ མི་སེར་སོ་ནམ་པ་ཚུ་ འཕྲལ་འཕྲལ་ར་ དང་ཕུ་ཕམ་ཚུ་གིས་ ལག་ལེན་འཐབ་མི་རྟ་ལམ་བདའ་སྟེ་ འགྱོ་དོ་ཡོདཔ་ད་ འཕྲལ་འཕྲལ་ སོ་ནམ་ཞིང་ལམ་བདའ་སྟེ་ སྣུམ་འཁོར་ནང་ འགྱོ་དོ་ཡོདཔ་ཨིན་པས།
ད་རེས་ སྤྱི་འོག་ནང་ལྷོད་མི་ སོ་ནམ་ཞིང་ལམ་དེ་ མོང་སྒར་དང་ ལྷུན་རྩེ་གཞུང་ལམ་ལས་ མཐུད་སྦྲེལ་འབད་ཡོདཔ་ད་ གཞུང་ལམ་ ཀི་ལོ་མི་ཊར་༩ ལྷགཔ་ཅིག་འབད་མི་དེ་གིས་ གུང་པ་༧༠ ལྷགཔ་ཅིག་གི་ སོ་ནམ་པ་ཚུ་ལུ་ ཁེ་ཕན་བྱུང་སྟེ་འདུག།
དེ་བཟུམ་སྦེ་ སྟག་ཁམས་སྦིས་ལས་ རྒེད་འོག་ཡིག་ཚང་ཚུན་ ལྷོད་ནི་ལུ་ ཀི་ལོ་མི་ཊར་༣༢ ལྷགཔ་ཅིག་ཡོདཔ་མ་ཚད་ སོ་ནམ་ཞིང་ལམ་ རྩི་ནག་མ་བཏངམ་ལས་ གནམ་བྱཱར་ཆརཔ་གི་དུས་ཚོད་ལུ་ ལམ་ཆད་མི་དང་ ཧ་ཀ་ཧོ་ཀ་ དེ་ལས་ འདམ་པ་ཚུ་ལུ་བརྟེན་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་ གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་པས།
མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ དགོས་མཁོ་ཆེ་བའི་ གཞི་རྟེན་མཐུན་རྐྱེན་ དཔེ་འབད་བ་ཅིན་ སློབ་གྲྭ་དང་ ལས་སྡེ་ཁག་གི་ཡིག་ཚང་ རྒེད་འོག་ཡིག་ཚང་ དེ་ལས་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ཚུ་ ཕུན་སུམ་ཚོགས་དགོཔ་ཨིན་རུང་ སྤྱི་འོག་ནང་མེདཔ་ལས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༤ ལང་མི་ བདེ་ཆེན་མཚོ་མོ་གིས་ སླབ་མིའི་ནང་ མོང་སྒར་དང་ ལྷུན་རྩེ་གཞུང་ལམ་ལས་ སྟག་ཁམས་སྦིས་གཡུས་ཚན་ཚུན་ སོ་ནམ་ཞིང་ལམ་ ལྷོད་མི་གིས་ རྒེད་འོག་ཡིག་ཚང་དང་ མོང་སྒར་ དེ་ལས་ ལྷུན་རྩེ་རྫོང་ ཁག་ཚུ་ནང་ འགྱོ་དགོ་པའི་སྐབས་ ཁེ་ཕན་བྱུང་ཡོདཔ་ཨིན་པས།
ཨིན་རུང་ རྒེད་འོག་ཚུན་ སྣུམ་འཁོར་ཚུ་ནང་འགྱོཝ་ད་ མི་རེ་གིས་ གླ་ཆ་དངུལ་ཀྲམ་༤༠༠ རེ་ སྤྲོད་དགོཔ་མ་ཚད་ ལོག་གཡུས་ཁར་འོངམ་ད་ དངུལ་ཀྲམ་༤༠༠ ལྷགཔ་ཅིག་ སྤྲོད་དགོཔ་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ཚེ་རིང་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ དུས་ཅི་ སྟག་ཁམས་སྦིས་མི་སྡེ་སློབ་གྲྭ་དེ་ ཙ་ཀ་གླིང་སློབ་གྲྭ་ཆུང་བའི་ནང་ སྤོ་བཤུད་འབད་དེ་ སྟོངམ་གཏོན་དགོཔ་སྦེ་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ རྒེད་འོག་བརྒྱུད་དེ་ བཀའ་རྒྱ་གནང་མི་ལུ་བརྟེན་ ཨ་ལོ་ཆུང་ཀུ་ཚུ་ ཙ་ཀ་གླིང་སློབ་གྲྭ་ནང་ འགྱོ་དགོཔ་ཐོན་མི་གིས་ ཕམ་ཚུ་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
གཞན་དལ་གཞི་ ཨ་ལོ་ཚུ་ལུ་ བཞེས་སྒོ་བྱིན་ནི་དང་ བདག་འཛིན་འཐབ་ནི་ དེ་ལས་ བཀབ་གོ་ལ་དང་ གཟུགས་འཁྱུ་ནི་ལས་འགོ་བཟུང་ ཕམ་ཚུ་གིས་ འབད་ནི་ཡོད་རུང་ མི་སྡེ་སློབ་གྲྭ་མེདཔ་བཟོ་བའི་ཤུལ་ལས་ ཕམ་དང་ཨ་ལོ་ ཡ་བྲལ་བའི་སྡུག་བསྔལ་དང་ འཕྱད་མ་ཚུགས་པའི་དཀའ་ངལ་དེ་ལས་ འཕྱད་པར་འགྱོ་རུང་ ཟད་ འགྲོ་ལེ་ཤ་གནས་དོ་ཡོདཔ་ལས་ མི་སྡེ་སློབ་གྲྭ་དེ་ ལོག་སྒོ་ཕྱེ་གནང་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ སླབ་ཨིན་ པས།
སྐྱེས་ལོ་༦༠ ལང་མི་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ འཆར་གཞི་༡༠ པའི་ནང་ སྟག་ཁམས་སྦིས་སྤྱི་འོག་དང་ རྒེད་འོག་ཡིག་ཚང་གི་བར་ན་ སོ་ནམ་ཞིང་ལམ་བསལ་ནི་སྦེ་ བཞག་མི་དང་འཁྲིལ་ རྒེད་འོག་ལས་ ཆུ་བར་གཡུས་ཚན་ཚུན་ ཀི་ལོ་མི་ཊར་༥ ལྷགཔ་ཅིག་བསལ་ཡོདཔ་ད་ ཆུ་བར་ལས་ སྟག་ཁམས་སྦིས་ཚུན་ ཀི་ལོ་མི་ཊར་༨ དེ་ཅིག་འབད་མི་དེ་ ད་ལྟོའི་བར་ན་ཡང་ བསལ་ནི་མེདཔ་ལས་ དཀའ་ངལ་རྒྱ་ཆེཝ་སྦེ་ཐོན་ཏེ་ཡོད་ཟེར་ཨིན་ པས།
ཙ་ཀ་གླིང་རྒེད་འོག་དམངས་མི་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༠ ལུ་བསལ་མི་ སོ་ནམ་ཞིང་ ལམ་དེ་གིས་ སྤྱི་འོག་གི་མི་སེར་ཚུ་ལུ་ ཕན་ཐོགས་རྒྱ་ཆེཝ་སྦེ་ཡོད་རུང་ རྒེད་འོག་ཡིག་ཚང་དེ་ ཀི་ལོ་མི་ཊར་༣༢ ལྷགཔ་ཅིག་ནང་ ཆགས་ཡོདཔ་ལས་ མི་སེར་ཉམ་ཆུང་ཚུ་ གླ་ཆ་སྤྲོད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
རྒེད་འོག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྟག་ཁམས་སྦིས་མི་སྡེ་སློབ་གྲྭ་དེ་ནང་ ཨ་ལོ་ལངམ་སྦེ་ མེད་ནི་དེ་གིས་ ཐབས་ཤེས་གཞན་མེད་པར་ ཙ་ཀ་གླིང་སློབ་གྲྭ་ཆུང་བའི་ནང་ སྤོ་བཤུད་འབད་དགོཔ་ ཐོན་སོ་ཡི་ཟེར་ཨིནམ་ད་ ད་རེས་ ཨ་ལོ་གཅེས་སྐྱོང་ལྟེ་བ་༢ བཙུགས་ནིའི་དོན་ལུ་ འཆར་གཞི་དང་ལས་རིམ་ཚུ་ བཟོ་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *